༄༅།།ཧོར་གླིང་གཡུལ་འགྱེད་ཀྱི་ལོ་རྒྱུས་རྒྱབ་ལྗོངས།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༥ ཚེས་ ༡༣
ཧོར་གླིང་གཡུལ་འགྱེད་ཀྱི་བརྗོད་བྱའི་ལོ་རྒྱུས་རྒྱབ་ལྗོངས་ནི་ནམ་མཁའ་ལྟར་རྒྱ་ཆེ་ཞིང་རྒྱ་མཚོ་ལྟར་གཏིང་ཟབ་པས་ཧ་ཀྱང་བློས་དཔོག་དཀའ་བའི་གནས་སུ་གྱུར་མོད། འདིར་ཧོར་གླིང་བར་གྱི་འཁྲུགས་བརྩོད་ཀྱི་བྱུང་རིམ་རྣམས་ལ་བློ་གྲོས་ཀྱི་རྩལ་འདོན་པའི་ཐབས་ལམ་ལ་བརྟེན་ནས་རང་བློའི་གང་འཚམས་སུ་རགས་རིམ་ཙམ་ཞིག་ཞུ་ན། སྤྱིར་ལོ་རྒྱུས་གང་ཡིན་རུང་ལོ་རྒྱུས་དེའི་ཐོག་མཐའ་བར་གསུམ་གྱི་བྱུང་རིམ་རྣམས་ལ་ངེས་ཤེས་ཤིག་མ་རྙེད་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་རྟོག་དཔྱོད་དང་བློས་གྲོས་ཀྱི་འཇུག་པའི་རྩལ་བག་ལ་ཞ་ནས་ཞིབ་འཇུག་གི་ནུས་པ་འདོན་སྤེལ་བྱེད་པའི་ཁ་ཕྱོགས་མི་རྙེད་པས། ཐོག་མར་ནས་གང་བཤད་པར་བྱ་བའི་ལོ་རྒྱུས་དེ་ལ་ངེས་པའི་ཤེས་རབ་ཀྱི་མིག་བསྒྲུབ་ནས་ད་བཟོད་ཞིབ་འཇུག་གི་ལམ་དུ་ཞུགས་པ་ནི་རིག་པའི་དཔའ་བོ་རྣམས་ཀྱིས་གཤེགས་པའི་ལམ་པོ་ཆེ་ཡིན་ནོ།། དེར་བརྟེན་ཧོར་གླིང་གཉིས་དེ་ཐོག་མར་འགལ་འདུ་མེད་པར་ཕན་ཚུན་སོ་སོར་ཞོ་ལྟར་ཆགས་ཡོད་པའི་སྐབས་སུ་ཁྲག་ལྟར་དཀྲུགས་པའི་རྒྱུ་རྐྱེན་དང་རྩ་བ་གང་ལ་ཉེན་ནས་ཐུགས་སོང་བ་དེ། གཙོ་བོར་གོང་དུ་ཞུས་པ་ལྟར་ཧོར་གུར་དཀར་གནམ་གྱི་རྒྱལ་པོ་དེས་བཙུན་མོ་རྒྱ་ཨ་ཟིའི་བུ་མོ་ག་ཟི་ཟེར་བ་དེ་སྐུ་ཚེ་མཐའ་མ་འཁྱོལ་བར་ཚེ་ཡི་འདུ་བྱེད་རྫོགས་ནས་རྒྱལ་པོ་ཨ་གནམ་ཕོ་ཡུགས་སུ་ལུས་པའི་རྐྱེན་ལ་བརྟེན་ནས་རྒྱལ་པོ་ལ་བཙུན་མོ་དགོས་པའི་གྲོས་བོར་བ་དེ་ལ་བརྟག་ན། གཅིག་བྱས་ན་རྒྱལ་པོ་ཆེན་པོ་རྣམས་ལ་བཙུན་མོ་མེད་ན་རྒྱལ་སྲིད་ཀྱི་དབང་བསྒྱུར་བྱེད་པའི་ཐབས་ཀྱི་ཡན་ལག་མ་ཚང་བ་སེམས་པ་ངེས་ཏེ། སྐབས་དེར་ཧོར་གུར་དཀར་དེ་ཉིད་སྟོབས་འབྱོར་མངའ་ཐང་ཤིན་ཏུ་རྒྱས་པ་དང་ཁེལ་ནས་རྒྱལ་པོ་ཆེན་པོ་རྣམས་ཀྱིས་རྒྱལ་སྲིད་སྣ་བདུན་ལ་དབང་བསྒྱུར་བྱས་ནས་སྲིད་དབང་ཀྱི་གོ་ཐབས་འཛིན་པ་ལྟར་གུར་དཀར་ལ་བཙུན་མོ་བཞེས་རྒྱུ་དོ་སྣང་བྱས་པའི་ཁྱད་ཆོས་མངོན་པར་ཡིན་ནོ།། དེ་ཡང་ཀུན་རིག་དབང་གི་མཐའ་རྟེན་སྦྱིན་པ་ལས། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། པགས་པའི་མདངས་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཞེས་གསུངས་པ་ལྟར། སྔོན་འཁོར་ལོས་བསྒྱུར་བའི་རྒྱལ་པོརྣམས་ལ་རྒྱལ་སྲིད་སྣ་བདུན་ལ་དབང་བསྒྱུར་བྱེད་པའི་ལོ་རྒྱུས་གསལ་བ་བཞིན་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བཤད་ན་གུར་དཀར་རྒྱལ་པོ་དེ་བཙུན་མོ་མེད་ན་བསྡོད་མི་ཚུགས་པའི་ཆགས་ཅན་གྱི་སྐྱེས་བུ་ཞིག་ཡིན་པར་ཤེས་ནས་རྒྱལ་པོའི་འདོད་པ་ལྟར་བློན་པོ་དང་ཤན་པ་ཚོས་བཙུན་མོ་འཚོལ་ཐབས་ཀྱི་གྲོས་བཏབ་ནས་མི་སྐད་ཤེས་པའི་གསོས་བྱ་བཞི་པོ་བཙུན་མོ་འཚོལ་བའི་ཕོ་ཉ་བཏང་བ་ཡིན་པར་བཤད་ཐུབ་ལ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ནོར་དང་དབང་ཐང་བྲལ་བའི་ཕོ་མོ་ཡང་། །མལ་གྱི་ནང་ནས་མཐོ་རིས་བདེ་བར་རྫོགས། །མགོ་བོ་དུང་ལྟར་དཀར་བའི་རྒད་པོ་ཡང་། །རྒན་མོའི་རུམ་ནས་བརྗོད་མེད་དགའ་བ་མྱོང་། །བསམ་པ་ངན་པས་བསྡམ་ཞིང་བརྡེབ་པ་མིན། །གནོད་པའི་སེམས་ཀྱི་མདུང་གིས་ཕུག་པ་མིན། །འདོད་པའི་མི་ལ་འདོད་པ་སྦྱིན་པ་ལ། །དགེ་བ་མེད་ན་སྡིག་པ་ག་ལ་ཡོད། །འདོད་པ་ཅན་ལ་བུད་མེད་སྤྲོད་པ་ནི། །སྦྱིན་པ་རྣམས་ཀྱི་ནང་ནས་མཆོག་ཡིན་ཞེས། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུར་གསུངས། །ཞེས་གསུངས་པ་ཡང་དགེ་བའི་ལས་ཀྱི་གྲོགས་སུ་འགྲོ་བར་སྐབས་དེར་བློན་པོ་དང་ཤན་པ་རྣམས་ཀྱིས་སྔོན་ནས་ཤེས་པ་ལྟར་རྒྱལ་པོ་ལ་བྱས་པ་བཟོ་བའི་ཆེད་ཡིན་པར་ངེས་སོ།། དེ་ཡང་བཙུན་མོའི་ཆེད་དུ་ཕོ་ཉ་བཏང་བའི་གསོས་བྱ་བཞི་པོའི་ནང་གི་ཁཱ་ཏ་ནག་ཆུང་དེ་སྔོན་ཧོར་གུར་དཀར་དང་ཁཱ་ཏ་གཉིས་མཉམ་དུ་སྨོན་ལམ་ལོག་པའི་བདུད་བྱ་ཡིན་པ་ངེས་ཏེ། སྔོན་ཤར་གླིང་དཀར་ཁྲ་མོའི་སྟོད་ལ་མིང་ཡང་གྲགས་མ་མྱོང་བའི་བྱ་ཞིག་དེའི་ཉིན་མོར་གཡུ་སྒྲ་མཐིང་ཤོག་གི་གོང་སྒོར་སླེབ་ཡོང་བ་མ་ཟད་འབྲུག་མོར་གུར་དཀར་དཔོན་གྱི་བཙུན་མོ་འགྲོ་དགོས་པའི་གླུ་ལེན་ངག་བཀུག་བྱས་པ་དང་། ད་རུང་འབྲུག་མོའི་སྲིན་མཛུབ་གཡས་པའི་ཕྲ་རྒྱན་ཐལ་བ་དང་མཉམ་དུ་ཁཱ་ཏ་དེའི་ཁ་ནང་དུ་ཤོར་བ་ལ་བརྟག་ན། དུས་དེ་ཉིན་ནས་བཟུང་རྟེན་འབྲེལ་གྱི་ཉི་མ་མགོ་ནས་ཉེས་པའི་བྱ་དེ་ཐན་བྱ་ཡིན་པའི་རྟགས་རང་ཤུགས་སུ་གྲུབ་པར་ཤེས་ཐུབ། ཐན་ལྟས་དེ་གླིང་ལ་བྱུང་བ་མ་ཚད། ཁཱ་ཏ་དེ་ཕྱིར་སོང་ནས་ཧོར་ཡ་རྩེ་མཁར་གྱི་ཡང་རྩེ་ལྷ་གནམ་ཐེའུ་དཀར་པོའི་ཐུགས་རྟེན་གྱི་རྩེར་བབས་ནས་དེ་བས་ཉེས་ཆེ་པའི་རྟེན་འབྲེལ་མ་སྒྲིག་རང་འགྲིག་ཏུ་སོང་བ་རྟོགས་ཐུབ། དེ་ནས་ཧོར་གུར་དཀར་གྱི་མདུན་དུ་ཕྱིན་ནས་ཁཱ་ཏས་རྒྱལ་ཁམས་སྐོར་ཡང་ཁྲ་མོ་གླིང་དཀར་སྟོད་ཀྱི་སྲུ་འབྲུག་མོ་མ་གཏོགས་གུར་དཀར་གྱི་བཙུན་མོ་ཉན་པར་མ་མཐོང་རབ་དང་། འབྲུག་མོའི་བྱད་གཟུགས་་ཀྱི་མཛེས་ཆོས་དང་ཡོན་ཏན་གྱི་ཆ་གཟུགས་མེད་མདའ་ལྔའི་མེ་ཏོག་རེ་རེ་བརྗོད་པས་ཀྱང་གུར་དཀར་རྒྱལ་པོའི་ཡིད་ཀྱི་བརྟན་པ་རང་དབང་མེད་པར་འཕྲོགས་པའི་དགའ་བདེའི་རོས་ཚིམ་པར་བྱས་ཏེ་འདི་ལྟར་བརྗོད་པར་བྱས་སོ།། དེ་ཡང་ཧོར་གླིང་གཡུལ་འགྱེད་ལས། ངས་མངགས་པའི་བྱ་དེ་འགྲོ་ལུགས་ལ། །སོང་ནས་དོན་དེ་ཆོད་ལུགས་ལ། །གོ་རྒྱུའི་སྐད་ཆ་གོ་ནས་བྱུང་། །རྗེ་ང་བས་དགའ་ཞིག་སུ་འདྲ་ཡོད། །ང་བས་སྐྱིད་ཅིག་སུ་འདྲ་ཡོད། །ཅེས་བཤད་པའི་གཏམ་དེ་ལ་བརྟག་ན། གུར་དཀར་རྒྱལ་པོ་དེ་ཆགས་ཅན་གྱི་སྐྱེས་བུ་ཞིག་ཡིན་པར་གོང་གི་ཚིག་རྐང་གསུམ་གྱི་དགའ་བྲོད་ཀྱི་གཏམ་རང་དབང་མེད་པར་ངག་ནས་ཤོར་བ་ལས་དཔོག་ཐུབ། དེ་ཡང་སྤྱིར་གང་ཟག་སུ་ཞིག་ཡིན་རུང་གང་ཟག་དེའི་རྒྱུད་ལ་ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་ཞིག་སྐྱེས་ཕྱིན་ཆད་གང་ཟག་དེའི་རང་རྒྱུད་འཇོམས་པར་ཐེ་ཚོམ་མེད་དོ།། དེ་ཡང་རྒྱལ་སྲས་དངུལ་ཆུ་ཐོག་མེད་ཀྱིས། འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བར་འགྱུར། །གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། །འཕྲལ་དུ་སྤང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར། འདོད་ཆགས་སོགས་ཉོན་མོངས་པའི་དབང་དུ་སོང་བའི་གང་ཟག་གང་དེས་རང་གི་འཕྲལ་ཕུགས་གཉིས་ཀྱི་བདེ་བ་བརླག་པར་འགྱུར་བས་སྤོང་དགོས་ཏེ། ཡང་དེ་ཉིད་ལས། ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུའི་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པར་རྒྱལ་སྲས་ལག་ལེན་ཡིན། ཞེས་གསུངས་པ་ལྟར། ལུས་ངག་ཡིད་གསུམ་ཆགས་སོགས་ཉོན་མོངས་དུག་ལྔའི་རྟོག་པ་སྐྱེས་མ་ཐག་དེའི་གཞན་དབང་དུ་མི་འགྲོ་བར་དྲན་པ་དང་ཤེས་བཞིན་གྱི་མཚོན་གྱིས་ཀུན་རྟོག་གི་མགོ་འབུར་མ་ཐག་འཇོམས་པར་བྱེད་དགོས་པར་གསུངས་སོ།། དེ་ལྟར་གུར་དཀར་རྒྱལ་པོ་དེས་ཁཱ་ཏ་ནག་བཙོག་གི་གཏམ་ལ་ཆ་འཇོག་བྱས་ནས་ཧོར་ཤན་པ་རྨེ་རུ་ལ་ཡང་མེས་ཧོར་ཐོ་ཐོག་ར་ཆེན་རྒྱལ་པོ་དང་། ཁྲ་མོ་གླིང་བར་གནའ་གྱོད་ཀྱི་གྱོད་འགོ་མང་པོ་ཞིག་རྫུན་སྒྲིག་གིས་ངག་འཁྱལ་བགྲང་ནས་ལས་དམག་གླིང་ལ་ཕབ་དགོས་པར་གཏན་འབེབས་བྱས་པ་དེས་ཀྱང་ཉོན་མོངས་འདོད་ཆགས་ཀྱི་ཁོལ་པོ་སོང་བའི་ཞེ་འདོད་འབྲུག་མོ་བཙན་སྦྱོར་བྱེད་པའི་ངན་གཡོ་སེམས་ཀྱི་གཏིང་རུམ་དུ་སྦས་ཡོད་པར་རྟོགས་ནུས་ལ། ཤན་པས་ཀྱང་དེ་ལྟར་ཤེས་པ་མ་ཟད་ཁྲ་མོ་གླིང་གི་གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་བཅུ་ཡང་ཐུལ་མི་བདུན་སོགས་ལ་འགྲན་ཡ་མི་རུང་བ་དང་། གལ་སྲིད་འགྲན་ཡང་གེ་སར་ལ་ལྷ་ཀླུ་གཉན་གསུམ་གྱི་རྒྱབ་རྟེན་དང་དཔུང་གཉེན་ཡོད་པས་ཧོར་ཡུལ་གཞི་མེད་རྩ་བྲལ་དུ་འགྲོ་ངེས་པའི་ལོ་རྒྱུས་རྣམས་གུར་དཀར་ལ་ཞུས་པ་ནི་འདི་ལྟར། ཧོར་གླིང་གཡུལ་འགྱེད་ལས། དཔོན་པོ་གུར་དཀར་རྒྱལ་པོ་ལགས། །ཐུགས་མ་གཡེང་ང་ལ་ཚུར་གསོན་དང་། །དེ་རིང་ཉི་མ་ཕན་ཆད་ལ། །ཧོར་སེར་ད་ར་མཁར་དགུ་དང་། །ཁྲ་མོ་གླིང་གི་ས་ཆ་གཉིས། །ཧོར་ཐོ་ཐོག་ར་ཆེན་རྒྱལ་པོ་དང་། །གླིང་ཆོས་ཕན་ནག་པོ་དུས་མཉམ་རེད། །དགྲ་ཕར་འགྲོ་ཚུར་འོང་མ་དར་ཟེར། །ཁྱོད་གུ་ཡངས་གནམ་གྱི་རྒྱལ་པོ་དང་། །གླིང་གི་སེང་ཆེན་རྒྱལ་པོ་གཉིས། །གོང་མ་ལྷ་ནས་བཀའ་བསྒོ་ལོག །བར་མ་གཉན་ནས་ཐ་ཚིག་ཤོར། །འོག་མ་ཀླུ་ནས་དམ་ཚིག་ཉམས། །མི་ཡི་ཡུལ་ནས་ཁ་ཆད་བགོས། །ལས་གླེང་རྒྱུ་མེད་པའི་རྩོད་རྒྱུ་བྱུང་། །དེ་སྟེ་གུར་དཀར་རྒྱལ་པོ་ལགས། །དམག་ཁྲ་མོ་གླིང་ལ་མི་འགྲོ་ལགས། །མི་འགྲོའི་རྩ་བ་བཤད་པ་ན། །གླིང་ས་མཐོང་བ་ཀུན་སྨོན་དེ་འཛམ་བུ་གླིང་གི་ལྟེ་བ་རེད། །ས་དེ་ལ་དམའ་འབེབས་ཕོད་ས་མིན། །ཞེས་ཤན་པས་གུར་དཀར་ལ་ཕུལ་བའི་གླུ་ལ་བརྟག་ན། ཧོར་གུར་དཀར་རྒྱལ་པོ་དེ་ཚེ་རབས་སྔོན་ནས་གེ་སར་བར་བཀའ་འགལ་དང་དམ་འགལ་སོང་སྟེ་སྨོན་ལམ་ལོག་ནས་བདུད་ཀྱི་བློ་ཁ་བསྒྱུར་བ་ཞིག་ཡིན་པར་རྟོགས་ནུས་པ་དང་། གུར་དཀར་གྱིས་ཧོར་ཐོ་ཐོག་ར་ཆེན་རྒྱལ་པོའི་སྐབས་ཧོར་གླིང་བར་གནའ་གྱོད་ཀྱི་ཉེས་དོན་བགྲང་བ་རྣམས། ཧོར་ཐོ་ཐོག་ར་ཆེན་རྒྱལ་པོ་དང་། །གླིང་ཆོས་ཕན་ནག་པོ་དུས་མཉམ་ཡིན། །དགྲ་ཕར་འགྲོ་ཚུར་འོང་མ་དར་ཟེར་ཞེས་པའི་ཚིག་རྐང་གསུམ་གྱིས་བཤོལ་འདེབས་བྱས་པ་ཡིན་ལ། གླིང་གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་ཅུ་ལ་འགྲས་ཡ་མི་རུང་བའི་ལོ་རྒྱུས་ཀྱི་བཤོལ་འདེབས་བྱས་པ་ནི། ཡང་དེ་ཉིད་ལས། འཛམ་གླིང་སེང་ཆེན་རྒྱལ་པོ་དེ། །ཨོ་རྒྱན་པདྨའི་སྤྲུལ་པ་རེད། །དགྲ་ལྷ་གེར་མཚོ་གཉན་པོ་རེད། །རིགས་རུས་སེང་བློན་རྒྱལ་པོ་རེད། །སྡོང་གྲོགས་མ་དང་མཁའ་འགྲོ་རེད། །རྩེ་མོ་ཡར་ཟུག་ལྷ་ལ་ཟུག །ལྷ་ཚངས་པ་དཀར་པོའི་ཐུགས་སྲས་རེད། །སྐེད་པ་བར་ཟུག་གཉན་ལ་ཟུག །གཉན་ཀུན་ལྷ་གེར་འཛོའི་ཚ་བོ་རེད། །རྩ་བ་མར་ཟུག་ཀླུ་ལ་ཟུག །ཀླུ་གཙུག་ན་རིན་ཆེན་ཡང་ཚ་རེད། །ནག་པོ་བདུད་ཀྱི་ཁ་གནོན་རེད། །སེར་པོ་ཧོར་གྱི་གཉའ་ཤིང་རེད། །འདྲེ་སྲིན་རྣམས་ཀྱི་མགོ་གནོན་རེད། །འཛམ་བུ་གླིང་གི་སྐྱབས་གནས་རེད། །མི་དེ་ལ་འགྲན་ཡ་འཛུགས་དོན་མེད། །ཅེས་དང་། སྐུ་མི་འགྱུར་འཕགས་པ་འཇམ་དཔལ་རེད། །གསུང་མི་འགྱུར་ཐུགས་རྗེ་ཆེན་པོ་རེད། །ཐུགས་མི་འགྱུར་ཕྱག་ན་རྡོ་རྗེ་རེད། །ཅེས་ཕུལ་པའི་གླུ་ལ་བརྟག་ན། གླིང་རྗེ་གེ་སར་སར་ཡིད་བཞིན་དབང་གི་རྒྱལ་པོ་དེ་ལ་རྒྱབ་རྟེན་བྱེད་པའི་དཀར་ཕྱོགས་ཀྱི་ལྷ་ཀླུ་གཉན་གསུམ་དང་། སྐུ་གསུང་ཐུགས་རིགས་གསུམ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མེད་གདུལ་བྱའི་དཔལ་དུ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྤྲུལ་པའི་གཟུགས་སྐུ་ཆུ་ཟླའི་རོལ་པའི་ཟློས་གར་མེ་ལོང་ནང་གི་གཟུགས་བརྙན་ལྟར་འཆར་བ་ཡིན་པར་གསལ་བཤད་བྱེད་ཐུབ་ལ། གླིང་གི་དཔའ་ཐུལ་སུམ་ཅུ་དང་ཡང་ཐུལ་དམ་པའི་མི་བདུན་ལས་མཁན་ཁྲ་གླག་སྤྱང་གསུམ་སོགས་གླིང་གི་ཕུ་ནུ་མིང་སྲིང་རྣམས་ཀྱང་མི་རང་ག་བ་ཞིག་གི་སྐྱེ་བ་མིན་པར་གཞན་དོན་དུ་སྔོན་གྱི་བྱང་སེམས་འཕགས་པའི་སྤྲུལ་པ་ཡིན་པར་བཤད་པ་ནི། ཡང་དེ་ཉིད་ལས། གླིང་གི་དཔའ་ཐུལ་སུམ་ཅུ་དེ། །གྲུབ་ཆེན་སུམ་ཅུའི་སྤྲུལ་པ་རེད། །ཡང་ཐུལ་དམ་པའི་མི་བདུན་དེ། །འཛམ་གླིང་པཎ་ཆེན་མི་བདུན་རེ། །ཉིང་ཐུལ་ཁྲ་གླག་སྤྱང་གསུམ་དེ། །གླིང་གི་གཙོ་བོ་མི་གསུམ་རེད། །ལས་དེ་ལ་འགྲན་ཡ་ཨེ་དགའ་ན། །ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། །མགོ་རུམ་ནང་བཅུག་ན་ལྷགས་པ་མེད། །རྟ་མ་རྒྱུག་བསྡད་ན་གློ་མི་ཆད། །གཞུ་མ་འཐེན་བསྡད་ན་ཆག་རྒྱུ་མེད། །བྱ་ཁཱ་ཏའི་ཁ་ལ་ཉན་དགོས་མེད། །དཔོན་པོ་བྱ་ཁ་ཐོགས་ཉེས་ཡོད། ཅེས་ཕུལ་བའི་གླུ་ཚིག་དེ་ཡིས་གླིང་གི་དཔའ་ཐུལ་སུམ་ཅུ་དང་ཡང་ཐུལ་དམ་པའི་མི་བདུན་དེ་དག་ལ་འགྲན་ཀྱང་མི་རུང་ལ། གལ་སྲིད་འགྲན་ན་ཡང་སྤྲུལ་པའི་ལས་དམག་བསམ་གྱི་མི་ཁྱབ་པས་ཧོར་སྡེ་དམར་ནག་བཅུ་གསུམ་དང་ཧོར་སེར་ད་ར་མཁར་དགུ་སོགས་གཞི་མེད་རྩ་བྲལ་གཏོང་བས་མ་ཚད། གུར་དཀར་རྒྱལ་པོ་དང་ཤན་པའི་ལས་དམག་པཱ་དུར་དཔུང་གི་སྡེ་བཅས་ཐལ་ཕུང་རླུང་ལ་བཀུར་བའི་དཔེ་ལྟར་ཡོང་བར་ཐེ་ཚོམ་མེད་པར་སྟོན་པའི་བརྡ་སྟོན་པར་རྟོགས་ནུས། དེ་ལྟར་ནའང་ཤན་པས་ཕྱིར་བཤོལ་གྱི་ལོ་རྒྱུས་དེ་ཙམ་བཤད་ཀྱང་དེའི་ནང་གལ་སྲིད་གླིང་ལ་འགྲན་ཡ་བཟུང་ན་དང་པོ་བྱ་ཐན་བསེ་བོ་ཉུལ་མ་བཏང་དགོས་པའི་ཚིག་གཅིག་ཁོ་ན་མ་གཏོགས་སྔོན་གྱི་སྨོན་ལམ་ལོག་པའི་རྐྱེན་གྱིས་གུར་དཀར་གྱི་སེམས་ལ་ཞོར་དུ་འགྱུར་བ་མ་བཏང་པར་བྱ་ཐན་བསེ་བོ་དེ་ཉུལ་མ་བཏང་བར་བཞེད་དོ།། སྤྱིར་ཤན་པ་ཞེས་པའི་མིང་་དེ་ནི་དགེ་སྡིག་ལ་བླང་དོར་མེད་པར་མ་ཟད་སེམས་ཅན་གྱི་སྲོག་ལ་རྒོལ་བའི་བག་མེད་ཀྱི་ལས་ཁོ་ན་ལ་འབད་པའི་མི་སྡིག་པོ་ཅན་གྱི་མིང་ཡིན་ཡང་། ཁོང་གིས་གུར་དཀར་རྒྱལ་པོ་ལ་གླིང་ལ་འཁོན་འཛིན་གྱི་འགྲན་ཡ་བཟུང་བར་སྔོན་འགོག་བྱ་བའི་ཆེད་བཤོལ་འདེབས་སུ་ཕུལ་བའི་གླུ་དེའི་ཐོག་མཐའ་བར་གསུམ་གྱི་རྒྱབ་ལྗོངས་ལ་བལྟས་ན། དགེ་སྡིག་དང་རྒྱུ་འབྲས་ལ་ཡིད་ཆེས་བྱེད་པའི་དཔའ་བོ་ཞིག་ཡིན་པར་རྟོགས་ཐུབ་ལ། གེ་སར་རྒྱལ་པོ་དེ་སངས་རྒྱས་དངོས་ཀྱི་སྤྲུལ་པ་ཡིན་པས་དེའི་ཐུགས་དང་འགལ་མི་རུང་བར་དང་། གླིང་གི་དཔའ་ཐུལ་སུམ་ཅུ་དེ་རྒྱ་གར་གྲུབ་ཆེན་སུམ་ཅུའི་སྤྲུལ་པ་ཡིན་པ་ཤེས་ནས་དེ་དག་གི་ཐུགས་དང་འགལ་ཚེ་འདི་ཕྱི་གཏན་གྱི་བདེ་སྐྱིད་བརླག་པར་ཤེས་པ་དང་། རྣམ་སྨིན་གྱི་འབྲས་བུ་ཆུད་མི་ཟ་བའི་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་ནི་དཀོན་མཆོག་གི་ཐུགས་དང་འགལ་བའི་ལས་གང་བྱས་པ་དེས་མུ་མཐའ་མེད་པའི་ངན་སོང་གི་གནས་སུ་འཁྱམ་དགོས་པ་མ་ཟད་ཚེ་འདིར་ཡང་ལྡོག་ཏུ་མེད་པའི་ལས་ཀྱི་རྒྱུ་འབྲས་མི་བཟད་པར་ཐོག་ཏུ་བབས་པ་ཤེས་པར་ཡིན་ཏེ། གུར་དཀར་ལ་བཤོལ་འདེབས་སུ་ཕུལ་བའི་གླུ་དེ་ཉིད་དུ། ད་གཟོད་ལས་ཀྱི་སོ་ནམ་ལ། །ཁྱོད་གུར་དཀར་གསོན་བཤའ་བྱེད་དང་གཅིག །ང་ཤན་པའི་ལྷུ་དྲུག་ཤོར་དང་གཉིས། །ཧོར་སེར་པོའི་བྱུང་མལ་མེད་དང་གསུམ། །གཏམ་དེ་ཚོ་གླེང་རྒྱུ་ཡོད་དང་བཞི། །ལས་ཕུང་བཞི་ཆེན་པོ་འཇོག་ངེས་ཡིན། །ཞེས་བརྗོད་པའི་ཚིག་དེས་རྟོགས་ཐུབ། དེ་ལྟར་གུར་དཀར་ནི་བདུད་ཀྱི་རྒྱལ་པོ་ཡིན་སྟབས་དགེ་སྡིག་ལ་བླང་དོར་མེད་པ་མ་ཟད་ལས་འབྲས་ལ་བརྩི་འཇོག་མེད་པའི་མྱི་ཕུང་རང་བརླགས་ཀྱི་དམག་ཐབས་དང་འཁྲུགས་བརྩོད་སོགས་བློན་པོ་དང་ཤན་པ་པཱ་དུར་རྣམས་མཚོན་འོག་ཏུ་ཇི་ཙམ་ཤོར་རུང་སྙིང་རྗེ་སྤུ་ཙམ་མེད་པར་མ་ཟད་ཉམ་ང་བ་དང་བག་ཚ་བ་སོགས་མེད་པའི་ཁྲེལ་མེད་རང་འདོད་ཅན་ཞིག་ཡིན་ལ། འཛིང་ན་སྡར་མ་ཝ་དང་འདྲ་བའི་རྣམ་ཐར་དང་། བཙུན་མོ་ཁོ་ནའི་ཆེད་དུ་རྒྱལ་སྲིད་དང་སྐུ་སྲོག་ལ་མ་ལྟོས་པར་མི་ཕུང་རང་བརླགས་ཀྱི་མི་ས་འོག་ཏུ་སོང་ཡང་གཏམ་རྒྱུད་ས་སྟེང་དུ་དགོངས་པ་བོད་ལ་བཞག་ཡོད་པ་ཡིན།