༄༅། །བཟོ་རྒྱལ་འོ་སེ་ཀརྨ།

ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡ ཚེས་ ༣༠
དེང་སང་འཛམ་གླིང་ན་འགྲན་ཟླ་དང་བྲལ་བར་སྨན་གསར་ཞེས་གྲགས་སྙན་འཛིན་མའི་ཁྱོན་འདིར་ཁྱབ་པའི་ལྷ་བྲིས་པ་། ཀརྨ་ཚུལ་ཁྲིམས་སམ་འོ་སེ་ཀརྨ་ནི། ཀཿཐོག་ཉེ་འདབས་ཧོར་པོའི་འོ་སེའི་གྲོང་དུ་ཡབ་ཚེ་རིང་དང༌། ཡུམ་ཆོས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་སྟེ་སྤྱི་ལོ་1943ལོར་སྐུ་བལྟམས། ཆུང་ངུའི་དུས་ནས་སྔོན་གོམས་ཀྱི་བག་ཆགས་བཟང་པོའི་མཚམས་སྦྱར་ཏེ།  རིག་པ་ཉམས་སད་པའི་སྟབས་ཀྱིས་རྡོ་དང་སོལ་ཤིང་ཐུར་མས་གྱང་དང་རྡོ་ལེབ་ངོས་སུ་སྐུ་གཟུགས་དང་གཟུགས་འགྲོའི་རིས་ཁོ་ན་བྲིས་པ་དང་ཡི་གེ་འབྲི་ཀློག་སོགས་རྩེད་མོ་རོལ་ཞོར་དུ་མཁྱེན་པའི་གཞན་གྱིས་འགྲན་ཟླ་དང་བྲལ་བའི་ལྷན་སྐྱེས་ཀྱི་ཤེས་རབ་མངའ་བས། 
                                   
དགུང་གྲངས་བཅུ་གསུམ་ཐོག་གྲུ་པ་ཕུ་བུའི་དངོས་སློབ་མཁར་གསར་གཏེར་སྟོན་གྱི་སྲས་མཆོག་སྤྲུལ་ཚུལ་ཁྲིམས་མདུན་ཟླ་གསུམ་རིང་རི་མོ་སྦྱོང༌ནས་སྨན་གསར་ལུགས་ཀྱི་ལྷ་རིས་ཆ་ཚང་ཚེགས་མེད་དུ་མཁྱེན་ཅིང། སྔོན་གནས་སྐྱེས་ཐོབ་བག་ཆགས་སད་པ་ཀཿཐོག་མཁན་སྤྲུལ་རྒན་རབས་ཀུན་གྱིས་སྤྲུལ་པའི་ལྷ་བཟོ་ཞེས་བསྟོད་བསྔགས་མཛད། དགུང་གྲངས་20ཙམ་ནས་དུས་འགྱུར་གྱིས་ཧོར་པོའི་ཡུལ་གྱི་མགར་བ་རིགས་བསྡུས་ནས་དེ་རྣམས་ལ་རི་མོ་དང་མགར་བའི་སློབ་སྟོན་གནང༌། གསང་ཐབས་ཀྱིས་ལྷ་བྲིས་དང་མཆོད་ཆ་མགར་བ་སོགས་མཛད། 
                                     
དགུང་གྲངས་བཞི་བཅུ་ཙམ་ནས་མཁན་རྒྱལ་མཚན་འོད་ཟེར་མདུན་རྫོགས་པ་ཆེན་པོའི་ཁྲིད་ཡོངས་སུ་རྫོགས་པ་དང་བཀའ་གཏེར་གྱི་དབང་ལུང་མང་པོ་ཞུས་ཏེ་ཉམས་ལེན་བྱས་པས་དྲོད་ཚད་བརྙེས། ཀཿཐོག་དགོན་དང༌། རྫོང་འགོ། ཉིན་དགོན། ཐུབ་ཆེན་ཁང༌། རྒྱ་རོང་མཚམ་ནག །ཁྲོམ་རྡོ་ཁོ་དགོན་སོགས་ཀྱི་ལོགས་རིས་དཔག་བསམ་འཁྲི་ཤིང་དང་རྩ་གསུམ་བླ་བརྒྱུད་བྲིས་པ་དང༌། ཐང་གའི་རིགས་ལ། མཛད་པ་བཅུ་གཉིས། 
 
                                    
 མཚན་བརྒྱད། གནས་བརྟན་བཅུ་དྲུག །རྒྱན་དྲུག་མཆོག་གཉིས། བཀའ་བརྒྱད། མི་ཕམ་བཀའ་འབུམ་གྱི་དབུ་ལྷ་སྐོར་དང༌། བཀའ་མའི་བརྒྱུད་གསུམ་གྱི་བླ་བརྒྱུད་ཐང་ལྡེབ་བརྒྱ་ཕྲག་ཅན་ཆ་གཉིས། ཀཿཐོག་བཀའ་བརྒྱུད་གསེར་ཕྲེང༌། ཞིང་བཀོད་སོགས་བརྒྱ་ཕྲག་མང་པོ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཤིང་པར་སྐོར་དང༌། མགར་བའི་རིགས་ལ། ཀཿཐོག་གཙུག་ལག་ཁང་དང་རྫོང་འགོ། ཟངས་མདོག་དཔལ་རི། ཐུབ་ཆེན། སྒྱུ་འཕྲུལ་བློས་བསླང༌། ཉིན་དགོན༌ལ་སོགས་པ་གསེར་གྱི་རྒྱ་ཕིབས། གསེར་ཏོག །རྒྱལ་མཚན། རྒྱན་རྟ་བབས་དང༌། སྐུ་གཟུགས་རིགས་ལ་ཇོ་བོ། གུ་རུ། སྤྱན་རས་གཟིགས། འོད་དཔག་མེད་སོགས་དང༌། ས་འདམ་གྱིས་ཐུབ་པ། གུ་རུ། རྡོར་སེམས་ཀློང་གསལ་བླ་སྐུ་སོགས་ཐོག་བརྩེག་ཅན། འབག་བཅའ་བ་དང༌། མགར་བ་བརྒྱ་ཕྲག་དང༌། གོས་སྐུ་སི་ཏུ་མི་ཕམ་སྟོན་པ་གུ་རུ་སོགས་འདོམ་བརྒྱར་ཉེ་བ་དང༌། ཐུགས་རྟེན་རིགས་ལ། ཟངས་གསེར་གྱི་མཆོད་རྟེན་ཐོག་བརྩེག་ཅན་སོགས་ཆེ་ཆུང་མང་པོ་བཞེངས་པ་ཕྱོགས་དང་ཕྱོགས་སུ་འཕེལ། 
                                         
སློབ་ཕྲུག་རྣམས་ལ་སྨན་གསར་གྱི་ལུགས་སློབ་སྟོན་མཛད་པ་ལས་དེང་སང་རྒྱ་ཕྱི་ནང་གཉིས་སུ་ཁྱབ་པའོ། །སྔོན་གདན་ས་འདིར་ལྷ་བྲིས་ཉག་ཕྲ་བས་སི་ཏུ་རིན་པོ་ཆེའི་ཐུགས་མུག་མཛད་གཤིས། ད་རེས་སི་ཏུ་རིན་པོ་ཆེའི་ཐུགས་བསྐྱེད་སྨོན་ལམ་ དོན་ཐོག་ཏུ་ཁེལ་བ་ཀརྨས་རྒྱུན་མི་ནུབ་པ་བྱུང་བས་བསྟན་འགྲོ་ལ་མཆོག་ཏུ་དགེ་ཞེས་མཁན་རྒྱལ་མཚན་འོད་ཟེར་གྱིས་ཐུགས་དགྱེས་ཚུལ་མཛད།    གཞན་ཡང་དེང་དུས་ཀྱི་དགོན་པ་དང་ལོགས་བྲིས་གོས་སྐུ་རྣམས་ཉམས་གསོ་སྐབས་ལྷ་པ་གཞན་གྱིས་ཐིག་ཤིང་རྒྱབ་དགོས་ན་ཡང༌། ཁོང་གིས་རྐང་པའི་ཕྱི་རྟིང་གི་སྣེར་གཞན་གྱི་སུས་རིས་རྒྱབ་ནས་ཀཿཐོག་གོས་སྐུ་ཆེན་པོ་བཞེངས་པ་དང༌། རྒྱག་གླིང་འབུད་ཚིགས་སྣ་ཚོགས་ཉི་ཤུ་སྐོར་མི་རྗེད་པའི་གཟུངས་ཀྱིས་སླར་གསོ་མཛད་པ། ཁོང་གིས་མཛད་རྗེས་ཀྱི་རིན་ཐང་མཚོན་རྟགས་སུ་རྒྱལ་ཁབ་རིམ་པའི་དངུལ་མེད་རིག་གནས་ཤུལ་བཞག་གི་ཚན་པ་དང་། 国家级非物质文化遗产项目བོད་རིགས་ལྕགས་ཆས་རྡུང་བཟོ་ལག་རྩལ་མཁན་སོགས་ཀྱི་བྱ་དགའ་ཐོབ་མྱངས་ལ།(藏族金属锻造技艺<藏族锻造技艺>)
                                                                                                                                                                
             
གཞན་ཡང་ཀཿཐོག་གཙོའི་དགོན་སྡེ་སོ་སོར་སྟོན་པའི་སྐྱེས་རབས་དང་བཀའ་གཏེར་སོགས་ཀྱི་རྩ་གསུམ་སྐོར་གྱི་ལོགས་རིས་དང་ཐང་ལྡེབ་དང་ཀཿཐོག་རྒྱུད་སྡེ་བཤད་གྲྭ་ལ་གེ་སར་དང་བཀའ་འབུམ་འཕྲུལ་པར་རིགས་ལ་དབུ་ལྷ་སོགས་མཐའ་མེད་དུ་འཕེལ་བ་སོགས་སྐབས་སུ་མིག་གི་དགའ་སྟོན་མངོན་སུམ་དུ་གྱུར།                              

སྤྱིར་དེང་སང་ཁོ་བོས་དཔྱད་ན་སྨན་རྙིང་དང་སྨན་གསར་ལུགས་གཉིས་ཐ་དད་བཟང་ངན་དུ་འཛིན་པ་ཡོད་ན་བླུན་པོའི་རྟགས་ཏེ། འཕགས་ཡུལ་དུའང་ཤར་ནུབ་དབུས་ལུགས་ཀྱི་ལི་སྐུའང་སྤྱིར་འདྲ་བ་ལས། ཁྱད་པར་ནུབ་ལི་སྐུ་གཟུགས་སྦམ་ལ་རགས་པ། ཐུང་བ་དང༌། ཤར་ལི་ཕྲ་ལ་རིང་བ། དབུས་ལི་དེ་གཉིས་བར་ཙམ་དུ་སྲོལ་ད་ལྟ་དབང་པོའི་སྤྱོད་ཡུལ་དུ་གྱུར་བཞིན། བྱེའུ་དབུས་ལི་དང་ཕྱོགས་མཚུངས། སྨན་རྙིང་ཡང་ནུབ་ལི་ལྟར་དང༌། སྨན་གསར་ཤར་ལི་ལྟར་འབྲི་བའི་སྲོལ་ལས་ཁུངས་མེད་མིན་ཞིང༌། སྨན་རྙིང་ལྟར་སྨན་གསར་ལའང་དབུ་ནས་ཞབས་མཐིལ་བར་ཐིག་ཁོག་སྤྱིར་འདྲ་བ་ལས། བྱེ་བྲག་ཅུང་ཟད་སོར་བཞི་སོགས་ཀྱི་ཁྱད་ཆོས་རེ་ཡོད་པ་ནི་ཕྱག་བཞེས་མཐོང་རྒྱུན་བཞིན་བར་མ་ཆད་པ་ཡོད་ཅེས་གསུངས་སོ།