༄༅།། སི་ཁྲོན་བོད་ཁུལ་གྱི་དགོན་སྡེའི་ལྡེབས་རིས་སྐོར།
གཅིག །སི་ཁྲོན་བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་བཞུགས་པའི་གནའ་
བོའི་ལྡེབས་རིས་དག་གི་ལོ་རྒྱུས་ཀྱི་རིན་ཐང་བཤད་པ།
དེ་ཡང་དེང་དུས་སི་ཁྲོན་བོད་ཁུལ་གྱི་དགོན་སྡེ་ཁག་གི་གནའ་བོའི་ལྡེབས་རིས་འདི་དག་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་། རི་མོ་དང་ཚོན་མདངས་སོགས་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པས་ཕྱུག་པའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་རྗེས་སུ་མཐུན་པའི་བརྗོད་བྱའི་རྒྱབ་ལྗོངས་སྟུག་ཅིང་། ནང་དོན་སེམས་གཙོ་སྨྲ་བའི་ལྟ་བ་དང་རྗེས་སུ་འབྲེལ་བའི་བརྗོད་དོན་ཕུན་སུམ་ཚོགས་པ། ནང་ཆོས་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཀྱི་དགོངས་པ་རྨ་མེད་དུ་སྟོན་པའི་མཚན་ཉིད་ཚང་ཞིང་མཚོན་བྱེད་རེ་རེས་མཚོན་བྱ་སྣང་སྲིད་སྣོད་བཅུད་སོགས་སྲིད་པའི་མཛེས་སྡུག་དུས་གཅིག་ཏུ་བཀྲམ་པ་ལྟ་བུའི་སྒེག་ཉམས་ཀྱིས་ཡིད་དབང་གཅིག་ཆར་ཏུ་འཕྲོག་པ། དུས་རབས་རིམ་བྱུང་གི་རིག་གནས་ཀྱི་ལོ་རྒྱུས་མཚོན་པའི་རི་མོ་རྣམས་མ་ཡལ་བར་ད་ལྟ་མངོན་སུམ་མིག་གི་དགའ་སྟོན་དུ་ཁྲ་ལམ་མེར་བཞུགས་བཞིན་པ་འདིས་མི་རིགས་ཀྱི་རིག་གནས་ལ་གསོན་ཤུགས་རྒྱས་པའི་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ཐུབ་ལ། ཆོས་ལུགས་གྲུབ་མཐའ་ཁག་སོ་སོའི་རང་རང་གི་གྲུབ་མཐའི་རྐང་འཛིན་པའི་མདོ་སྔགས་ཟུང་གི་བརྗོད་དོན་རྣམས་དུས་རབས་དང་མཐུན་པའི་སྒོ་དང་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་རྒྱ་ཆེར་སྤེལ་བའི་ནང་དོན་ལ་གཞིར་བཟུང་ནས་གནའ་བོའི་མི་རིགས་ཤིག་གི་བསམ་བློའི་རང་བཞིན་སྒྱུ་རྩལ་གྱི་ལམ་ནས་དྲངས་ཏེ། ཡིད་ཀྱི་འགྱུར་བ་ཡོངས་སུ་མཚོན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དཔྱད་ཞིབ་ཀྱི་མིག་རྒྱང་སྲིང་ཐུབ་པའི་དོན་མཚོན་རི་མོ་དག་གིས་དེང་དུས་ལོ་རྒྱུས་ལ་ཕྱིར་མིག་ལྟ་བའི་རྒྱང་ཤེལ་གྱི་ཕན་ནུས་སྦྱིན་ཐུབ་པ་མ་ཟད། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་མཛེས་ལྗོངས་གསར་པ་ཞིག་གི་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་པའི་ནུས་པ་འདོན་སྤེལ་བྱས་ཡོད། དེང་དུས་འཛམ་བུ་གླིང་ནི་ཚན་རིག་གི་རྣམ་དཔྱོད་ཡང་རྩེར་སོན་པའི་སྒང་འདིར་ལོ་རྒྱུས་ལ་ཕྱི་མིག་ལྟ་བར་བྱེད་པའི་མཁས་པའི་ཁྱུ་ཚོགས་བསམ་ལས་འདས་པ་ཞིག་གིས་རང་རང་གི་རྣམ་དཔྱོད་རྩལ་དུ་སྤྲུགས་ནས་མི་རིགས་ཀྱི་རིག་གནས་ལ་ཐབས་བརྒྱ་ཇུས་སྟོང་གིས་ནུས་པ་འདོན་སྤེལ་བྱེད་བཞིན་པ་ལགས་ན། རང་རེའི་རིག་གནས་ཕུན་སུམ་ཚོགས་པའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་སྒྱུ་རྩལ་རང་བཞིན་དང་ལོ་རྒྱུས་རང་བཞིན། རིག་གནས་རང་བཞིན། དཔལ་འབྱོར་རང་བཞིན། ཚན་རྩལ་རང་བཞིན་སོགས་གཅིག་ཏུ་འདུས་པ་དགོས་འདོད་ཀྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཀུན་གྱི་ཡིད་དབང་འཕྲོག་པའི་ཤུལ་བཞག་རིག་གནས་འདི་ཉིད་འཛམ་གླིང་གི་རྒྱན་དུ་ཅིས་ཕྱིར་སྤུད་པར་མི་འགྱུར། དེ་བས་དཀར་མཛེས་བོད་ཁུལ་གྱི་གནའ་བོའི་ལྡེབས་རིས་འདི་དག་ནི་གཞན་ལ་མེད་པའི་དགོས་འདོད་ཀྱི་ནོར་བུ་རིན་པོ་ཆེ་ཞིག་ཡིན་པ་ནི་གཤམ་གྱི་དགོན་སྡེ་འདི་དག་གི་ལྡེབས་རིས་ཀྱིས་ཀྱང་བདེན་དཔང་བྱེད་ཐུབ་པ་སྟེ། དེ་ཡང་སྤྱི་ལོའི་དུས་རབས་བཅུ་བཞི་ཡས་མས་ཀྱི་ལོ་རྒྱུས་རིན་ཐང་ལྡན་པའི་སྡེ་དགེའི་འགུ་ཟི་དགོན་གྱི་ལྷ་ཁང་རྙིང་པའི་ལྡེབས་རིས་ལྟ་བུ་དང་། སྤྱི་ལོའི་དུས་རབས་བཅུ་གསུམ་པ་ཡས་མས་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་དབོན་པོ་སྟོད་དགོན་པའི་མགོན་ཁང་གི་ལྡེབས་རིས་དང་། དེ་དང་དུས་མཚུངས་སུ་བཞེངས་གནང་བའི་དཀར་མཛེས་སྡེ་མགོན་ཁང་གི་ལྡེབས་རིས་དང་འཛིན་རྣམ་རྒྱལ་མགོན་ཁང་གི་ལྡེབས་རིས་སོགས་དང་། གཞན་ཡང་བོད་རབ་བྱུང་བདུན་པའི་མེ་སྟག་སྟེ། སྤྱི་ལོ་༡༤༤༦ལོར་སྡེ་དགེ་རྒྱལ་པོའི་གཉེར་ཆེན་བོ་ཐར་གྱིས་ཐང་སྟོང་རྒྱལ་པོ་གདན་འདྲེན་ཞུས་ནས་སྐབས་དེར་ཕྱག་བཏབ་པའི་ཐང་རྒྱལ་ལྷ་ཁང་གི་ལྡེབས་རིས་དང་། ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐུ་དུས་སུ་བཞེངས་པའི་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་འདུ་ཁང་ནང་གི་ལྡེབས་རིས། དེ་དག་དང་དུས་མཚུངས་སུ་བཞེངས་པའི་སྡེ་དགེ་དཔེ་ཝར་དགོན་པའི་འདུ་ཁང་ཚོམས་ཆེན་གྱི་སྡེབས་རིས་དང་། གཞན་ཡང་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྟེ་སྤྱི་ལོ་༡༦༤༦ལོར་བཞེངས་པའི་དར་མདོའི་འཁོབ་ཡུལ་བང་རིན་དགོན་པའི་ལྡེབས་རིས་ཁག་ཅིག་དང་། དེ་དང་སུས་མཚུངས་སུ་བཞེངས་པའི་དར་མདོའི་མགུ་ཐང་གི་འཕང་མདའ་དགོན་པའི་ལྡེབས་རིས་ཁག་ཅིག བོད་རབ་བྱུང་བཅོ་ལྔ་པའི་མེ་ཁྱི་སྟེ་ལོ་༡༨༨༦ལོར་བཞེངས་པའི་སྡེ་དགེའི་དབོན་སྟོད་དགོན་པའི་འདུ་ཁང་ཚོམས་ཆེན་གྱི་ལྡེབས་རིས་དང་། བོད་རབ་བྱུང་བཞི་པའི་ཆུ་གླང་སྟེ་སྤྱི་ལོ་༡༢༥༣ལོར་བཞེངས་པའི་འགུ་ཟི་དགོན་པའི་འདུ་ཁང་ཚོམས་ཆེན་གྱི་ལྡེབས་རིས་དང་། བོད་རབ་བྱུང་བརྒྱད་པ་སྟེ་སྤྱི་ལོ་༡༡༤༧ལོར་བཞེངས་པའི་སྡེ་དགེ་ཚབ་ཚ་དགོན་པའི་འདུ་ཁང་གི་ལྡེབས་རིས་རྙིང་པ་དང་། བོད་རབ་བྱུང་བདུན་པའི་མེ་སྟག་སྟེ་སྤྱི་ལོ་༡༤༤༦ལོར་བཞེངས་པའི་སྡེ་དགེའི་འཁོར་མདོ་དགོན་པའི་འདུ་ཁང་གི་ལྡེབས་རིས་རྙིང་པ། བོད་རབ་བྱུང་བཞི་པའི་ས་ལུག་ཏེ་སྤྱི་ལོ་༡༢༥༩ལོར་བཞེངས་པའི་སྡེ་དགེའི་ཡེ་ན་དགོན་པའི་འདུ་ཁང་གི་ལྡེབས་རིས་རྙིང་པ། སྤྱི་ལོ་༡༤༡༥ལོར་བཞེངས་པའི་འདབ་པའི་བྲག་ནག་དགོན་པའི་འདུ་ཁང་གི་ལྡེབས་རིས་དང་། བོད་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་སྟེ་སྤྱི་ལོ་༡༩༡༦ལོར་བཞེངས་པའི་རྫ་སྟེང་ཆེན་དགོན་པའི་འདུ་ཁང་དང་རྒྱ་མཐོང་མགོན་ཁང་སོགས་ཀྱི་ལྡེབས་ངོས་སུ་སྤུས་དག་ལ་མདངས་གསལ་བ་ཡོངས་སུ་རྫོགས་པའི་ལྡེབས་རིས་རྙིང་པ་དང་། རྒྱལ་བ་ཀ་ཐོག་དགོན་པའི་འདུ་ཁང་ཚོམས་ཆེན་གྱི་ལྡེབས་རིས་ཁག་ཅིག་དང་། གཞན་ཡང་བརྒྱད་ཟིལ་ལས་འདུ་བསྙུང་གནས་ལྷ་ཁང་གི་ལྡེབས་ངོས་སུ་བཞུགས་པའི་མི་ལོ་སུམ་བརྒྱ་ཡན་མས་ཀྱི་ལོ་རྒྱུས་མཚོན་པའི་ལྡེབས་རིས་སོགས་རིས་སུ་མ་ཆད་པའི་བན་བོན་གཉིས་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་དགོན་སྡེ་དང་གཙུག་ལག་ཁང་། བསྙུང་གནས་ལྷ་ཁང་སོགས་སུ་བཞུགས་པའི་ལྡེབས་རིས་ཇི་སྙེད་ཅིག་ཡོད་པ་སྟེ། ལོ་རྒྱུས་དང་སྒྱུ་རྩལ་སོགས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཤུལ་བཞག་རིག་དངོས་འདི་དག་དང་། ད་དུང་འདིར་མ་འཁོད་པའི་སི་ཁྲོན་བོད་ཁུལ་གྱི་དགོན་སྡེ་ཁག་གི་ལྡེབས་རིས་རྙིང་པ་དེ་དག་སྣང་མེད་དུ་མི་གཏོང་བར་ལོ་རྒྱུས་རང་བཞིན་ལྡན་པའི་རིག་དངོས་ལ་སྲུང་སྐྱོབ་དང་གཅེས་སྤྲས་ཉར་ཚགས་ལེགས་པར་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བའོ། །དེ་ཡང་དེང་དུས་དགོན་སྡེ་ཁག་མང་པོ་ཞིག་གི་དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ཏེ་དགོན་པའི་འདུ་ཁང་དང་གཙུག་ལག་ཁང་རྙིང་པ་རྣམས་བསྐྱར་བཞེངས་ཞིག་གསོ་བྱས་པའི་བརྒྱུད་རིམ་ཁྲོད་ལྡེབས་རིས་རྙིང་པ་རྣམས་ཀྱི་རིན་ཐང་མ་ཤེས་པར་སྣང་མེད་དུ་དོར་ནས་ཆར་ཆུའི་འོག་འཇིག་སོང་བ་དང་། ཡང་འགའ་ཞིག་གི་ལྡེབས་རིས་རྙིང་པ་རྣམས་ཚོན་གསོས་བྱས་ཏེ་གསར་པ་གསར་རྐྱང་གི་རྣམ་པ་དང་མདོག་བསྒྱུར་བ་སོགས་ལས་ཉེས་བྱས་པ་ཁོ་བོས་མང་དུ་མཐོང་བས་ལྡེབས་རིས་རྙིང་པ་ལུས་ཡོད་པའི་དགོན་པ་རྣམས་ཀྱིས་མི་རིགས་ཀྱི་རིག་གནས་ལ་ཐུགས་ཁུར་བཞེས་ནས་གནའ་བོའི་ལྡེབས་རིས་རྙིང་པ་ལག་མཐིལ་ཙམ་ལས་ལུས་མེད་ཀྱང་། དེར་རིན་ཐང་ཚད་མེད་པ་ལྡན་ནོ་སྙམ་དུ་དགོངས་ནས་དུས་དང་རྣམ་པ་ཀུན་ཏུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རིག་དངོས་ལ་དཔྲལ་བའི་མིག་བཞིན་གཅེས་སྤྲས་བྱ་རྒྱུ་ནི་དེང་དུང་མི་རབས་འདིའི་ཕྲག་ཏུ་བབས་པའི་འོས་འགན་ཆེན་པོ་ཞིག་ཡིན་ནོ། །ལྷག་པར་དུ་དགོན་པ་འགའ་ཞིག་གིས་འདུ་ཁང་རྙིང་པ་རྣམས་ཞལ་གསོས་བྱས་ཏེ་དེའི་ནང་ལྡེབས་རིས་རྙིང་པ་རྣམས་བསུབས་ནས་གསར་བཞེངས་བྱས་པ་ནི་གནད་འཆུག་པ་ཤ་སྟག་ཡིན་ཏེ། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རིག་དངོས་དེ་དག་དོན་དག་ཆུང་ངུ་ཞིག་གིས་རྗེས་མེད་དུ་བཏང་བའི་གནས་ཚུལ་མཐོང་མ་ཐག་ཧ་ཅང་ཕངས་སེམས་ཀྱིས་གཟན་པའི་ཡིད་ལ་སྐྱོ་སྣང་གི་ཚོར་བ་ལྡོག་ཐབས་མེད་པ་ཞིག་བྱུང་། ཞིབ་ཏུ་བསམས་ན་མི་རབས་སྔོན་མ་དེ་ཚོས་རིག་དངོས་དེ་དག་ཚེ་སྲོག་དང་བསྡོས་ནས་ཉར་ཚགས་དང་གཅེས་སྤྲས་བྱས་པ་རྣམས་རྗེས་རབས་པས་དེའི་རིན་ཐང་མ་ཤེས་པར་ཉིན་ཞག་གཅིག་རིང་རྗེས་མེད་དུ་བཏང་བ་ནི་རང་རེ་རྣམས་བསོད་ནམས་ཟད་པའི་རྟགས་སུ་མི་འགྱུར་གྲང་། དེ་བས་དཔལ་འབྱོར་དང་སྙན་གྲགས་ཀྱི་རྗེས་སུ་མི་འགྲོ་བར་རིག་དངོས་ལ་དུང་བའི་བསམ་པ་དཀར་པོ་དཀར་རྐྱང་ཞིག་བྱེད་ཐུབ་པར་ཅིས་ཀྱང་གལ་ཆེའོ། །
གཉིས། དཀར་མཛེས་བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་བཞུགས་
པའི་གནའ་བོའི་ལྡེབས་རིས་ཀྱི་མཚོན་དོན་བཤད་པ།
སྤྱིར་དགོན་སྡེ་ཁག་ཏུ་བཞུགས་པའི་ལྡེབས་རིས་ཀྱི་མཚོན་དོན་གཙོ་བོ་ནི་མདོ་སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞིའི་བརྗོད་དོན་སྙིང་པོ་མཚོན་བྱེད་རི་མོའི་སྒྱུ་རྩལ་གྱི་ལམ་ལས་དྲངས་ཏེ་གདུལ་བྱའི་ཤེས་རྒྱུད་གྲོལ་བར་བྱེད་པའི་ཐབས་ཉག་གཅིག་མཚོན་པ་ཡིན་ལ། བྱེ་བྲག་ཏུ་ཕྱི་རི་རབ་ཁང་ཁྱིམ་སོགས་བརྗོད་བྱ་གཙོ་བོ་བྱས་ནས་གླིང་བཞི་ཉི་ཟླ་དང་བཅས་མངོན་སུམ་མིག་གི་དགའ་སྟོན་དུ་སྤེལ་བའི་སྣོད་ཀྱི་འཇིག་རྟེན་རི་མོའི་སྒྱུ་རྩལ་གྱི་ལམ་ནས་དྲངས་ཏེ། འགྲོ་བ་མིའི་བསམ་བློའི་འདུ་ཤེས་སྐད་ཅིག་གིས་བསྒྱུར་བར་བྱེད་པའི་དོན་མཚོན་རི་མོའི་ཁྱད་ཆོས་ལྡན་ལ། ནང་བཅུད་སེམས་ཅན་གྱི་ལེགས་ཉེས་མཚོན་པའི་རིགས་དྲུག་འཁོར་བའི་བདེ་སྡུག་དང་རང་བཞིན་ལས་དང་འབྲས་བུའི་རྣམ་བཞག་སོགས་ཉེ་བར་བསྟན་པའི་ཚོན་དང་རི་མོའི་ཁྱད་ཆོས་འབུར་དུ་དོད་པ། སྐུ་གསུམ་རྒྱལ་བའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པར་ཡེ་ཤེས་རང་སྣང་མངོན་པར་བྱང་ཆུབ་ཅིང་གདོད་ནས་རྣམ་པར་དག་པ་ཕྱོགས་ཀྱི་ཞིང་ཁམས་ལྔའི་བཀོད་པ་ཁྱད་པར་འཕགས་པ། ལོངས་སྐུ་རྒྱལ་བ་རིགས་ལྔའི་འཁོར་ལ་བསྐལ་བཟང་སངས་རྒྱས་སྟོང་དང་། ཉན་རང་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ནི་མདོ་སྔགས་རིག་པའི་གཞུང་ལུགས་ཀྱི་དོན་མཚོན་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་ཡིན་ལ། སྔ་གཞུག་ཏུ་སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་དགོན་སྡེའི་ལྡེབས་རིས་རྙིང་པ་དེ་དག་སྐབས་དེའི་ཆོས་ལུགས་ཀྱི་བརྗོད་དོན་སྙིང་པོ་དང་དུས་རབས་ཀྱི་བསམ་པའི་འདུ་ཤེས་ཇི་ལྟར་མཚོན་པར་བྱས་ཡོད་སྙམ་ན། དཔེར་ན་འཇམ་དཔལ་དབྱངས་ལྟ་བུ་ལ་མཚོན་ན། མ་རིག་རྨོངས་པའི་ཐེ་ཚོམ་གྱི་དྲ་བ་ཅིག་ཆར་དུ་གཅོད་པ་མཚོན་བྱེད་ཕྱག་གཡས་ན་རལ་གྲི་བསྣམས་པ་དང་། ཤེས་བྱའི་གནས་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་དོན་མཚོན་བྱེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་བསྣམས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དག་པར་མཚོན་བྱེད་དུ་དབུ་རྒྱན་དང་མགུན་རྒྱན་སྙན་རྒྱན་དོ་ཤལ་དང་རྐང་གདུབ་སོར་གདུབ་སོགས་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་པ། རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ཀྱང་གཞན་དོན་དུ་སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་རྒྱལ་སྲས་གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་སྐུས་མཚོན་པ། མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་ལྟར་ཁམས་གསུམ་འཁོར་བ་རུ་སྐྱེས་ཀྱང་འཁོར་བའི་ཉེས་པས་མ་གོས་པའི་བརྡ་མཚོན་བྱེད་དུ་པདྨའི་གདན་ལ་བཞུགས་པ་སོགས་ཐུན་མོང་གི་མཚོན་དོན་ཙམ་ལས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ། ས་དང་ལམ་གྱི་ཡོན་ཏན་སོགས་ཀྱི་མཚོན་དོན་རྣམས་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་པ་ཡིན། གཞན་ཡང་ཁྲོ་བོ་ལྟ་བུ་གཅིག་ལ་ཡང་སྦྲུལ་དང་མི་མགོ་སྐམ་རློན་གྱི་རྒྱན་ཆ་དང་མི་ལྤགས་དང་གཅན་གཟན་གྱི་པགས་པ་ཞབས་འོག་རོ་གདན་སོགས་བཞེངས་ཡོད་པ་དེས་མཚན་འཛིན་གྱི་རྣམ་རྟོག་ཐམས་ཅད་དང་བྲལ་བའི་བརྡ་མཚོན་པ་ཡིན་ལ། ཞབས་གཉིས་བརྐྱང་བསྐུམ་གྱི་བཞུགས་སྟངས་ཀྱིས་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་བརྡ་མཚོན་པ། སྐུ་སྦོམ་ཞིང་ཐུང་བའི་གཟུགས་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་མཛད་པ་མཚོན་པ། སྐུ་མདོག་དཀར་སེར་དམར་ལྗང་སོགས་ཀྱིས་ཞི་རྒྱས་དབང་དྲག་སོགས་ཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་གྱི་འགྲོ་དོན་མཛད་པ་མཚོན་པ། སྐུ་རྒྱབ་མེ་དཔུང་དྲག་ཏུ་འབར་བས་གདོན་བགེགས་ཀྱི་རིགས་གང་ཡིན་པ་ཐམས་ཅད་ཡེ་ཤེས་ཀྱི་མེས་གཞོམ་པར་མཚོན་པ་སོགས་ཡིན་ལ། གཞན་ཡང་སྔགས་ལྟར་ན་སྐུ་རྣམ་པར་སྣང་མཛད། གསུང་འོད་དཔག་མེད། ཐུགས་མི་བསྐྱོད་པ། ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲིན་ལས་དོན་ཡོད་གྲུབ་པ་སོགས་གཙོ་བོའི་སྐུ་གཅིག་ལ་རྒྱལ་བ་རིགས་ལྔ་ཚང་བ་མཚོན་ཞིང་། ཡང་ན་གཟུགས་ཕུང་རྣམ་པར་སྣང་མཛད། ཚོར་ཕུང་རིན་ཆེན་འབྱུང་ལྡན། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་ཤེས་མི་བསྐྱོད་པ་མཚོན་པ་ལྟ་བུ། གཞན་ཡང་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས་སོགས་དཀོན་མཆོག་ཀུན་འདུས་མཚོན་པ། དེ་ཡང་ཀྱེེ་རྡོ་རྗེའི་རྒྱུད་ལས། སྤྱན་རྩ་དམར་བའི་མདངས་ཀྱིས་སྙིང་རྗེའི་སྤྱན་མཚོན་པ་དང་། ཡན་ལག་དང་ཉིང་ལག་སོགས་མནག་པའི་ཁ་དོག་གིས་བྱམས་པའི་ཐུགས་མཚོན་ཞིང་། ཞབས་བཞིའི་བསྡུ་བའི་དངོས་པོ་བཞི་དང་། ཞལ་བརྒྱད་ཀྱིས་རྣམ་པར་ཐར་པ་བརྒྱད་དང་། ཕྱག་བཅུ་དྲུག་གིས་སྟོང་ཉིད་བཅུ་དྲུག །གུག་སྐྱེད་དེ་ཐོད་སྐམ་ལྔས་རྒྱལ་བ་རིགས་ལྔའི་སངས་རྒྱས་དང་། གདུག་པ་ཅན་འདུལ་བར་མཚོན་བྱེད་དུ་ཁྲོ་བོའི་སྐུ་བཞེངས་པ། བདེ་སྟོང་ཟུང་འཇུག་གི་ངང་དུ་ཐབས་དང་ཤེས་རབ་དབྱེར་མེད་མཚོན་བྱེད་དུ་ཡབ་ཡུམ་མཉམ་པར་སྦྱོར་བ་སོགས་དང་། གཞན་ཡང་། དཀར་མོ་རི་དག་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷས་མ་རི་ནི་སྨན་འཛིན་ཅིང་། །པུཀྐ་སི་ནི་རྡོ་རྗེའི་ལགས། །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོས་ནི་ཅང་ཏེའུ་རྡུང་། །འདི་རྣམས་ཀྱིས་ནི་གཙོ་བོར་མཆོད། །འདོད་ཆགས་ཆེན་མོ་རྗེས་ཆགས་མ། །གཡུང་མོའི་སྐུ་ལ་འཁྱུད་པ་ཉིད། ། ཅེས། དཀར་མོ་རི་དྭགས་མཚན་མ་འཛིན། དཀར་མོ་ནི་ལྷ་མོ་གོོ་རི་ཞེས་ཀྱེེ་རྡོར་ནས་གསུངས་པའི་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་དཀར་མོ་ཞེས་གྲགས་ལ། དེ་ལྟ་བུའི་ལྷ་མོ་དེའི་ལག་ཏུ་རི་དྭགས་ཀྱི་མཚན་མ་སྟེ་ཐོད་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཞིག་འཛིན་ཡོད་པས་ཁམས་དཀར་པོ་བདུད་རྩིའི་རང་བཞིན་གྱིས་གཙོ་བོ་དེ་ལ་མཆོད་པར་མཚོན་ཡོད་ལ། ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། ཅེས་ལྷ་མོ་ཙོོ་རི་ནི་ལྷ་མོ་ཆོམ་རྐུན་མ་སྟེ་ཀྱེེ་རྡོར་ནས་གསུངས་པའི་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་ཙོོ་རི་ཞེས་གྲགས་ལ། ལྷ་མོ་དེའི་ཕྱག་ཐོད་པའི་ནང་དུ་ཉི་མའི་དཀྱིལ་འཁོར་ཞིག་འཛིན་ཡོད་པས་མཚན་མོའི་ཆོམ་རྐུམ་དང་་མུན་པའི་བདུད་དང་ལས་རྒྱལ་བར་བྱེད་པ་ནི་ཉི་མ་ཡིན་ལ་ཉི་མ་དེས་ཁམས་དམར་པོ་བདུད་རྩིའི་རང་བཞིན་གྱིས་གཙོ་བོ་ལ་མཆོད་པ་མཚོན་པར་བྱས་ཡོད། རོ་ལངས་མ་ནི་ཆུ་ལག་མ། རོ་ལངས་མ་ཞེས་ཀྱེེ་རྡོར་ནས་གསུང་པའི་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་ལྷ་མོ་བེེ་ཏ་ལི་སྟེ་དེའི་ལག་ཏུ་ཐོད་པ་དྲི་ཆུའི་གང་བའི་བདུད་རྩིའི་རང་བཞིན་གྱིས་གཙོ་བོ་ལ་མཆོད་པའི་ཚུལ་མཚོན་པར་བྱས་ཡོད། གྷས་མ་རི་ནི་སྨན་འཛིན་གྱིས། གྷས་མ་རི་ཞེས་ཀྱེེ་རྡོ་ནས་གསུངས་པའི་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་ལྷ་མོ་གྷས་མ་རིའི་ལག་ཏུ་བདུད་རྩིའི་གང་བའི་དྲི་ཆེན་སྨན་གྱི་རང་བཞིན་ཐོད་པ་ཐོགས་ནས་གཙོ་བོ་ལ་མཆོད་པའི་ཚུལ་མཚོན་པའོ། པུཀྐ་སི་ནི་རྡོ་རྗེའི་ལགས། པུཀྐ་སི་ནི་ཀྱེེ་རྡོར་ནས་གསུང་པའི་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་པུཀྐ་སིའི་ལག་ཏུ་ཐོད་པའི་ནང་ཤ་ཆེན་གྱི་དྭངས་མ་ནི་མིའི་ཀླད་པས་གང་བའི་བདུད་རྩིའི་གཙོ་བོ་ལ་མཆོད་པའི་ཚུལ་མཚོན་པའོ། ། དེ་བཞིན་རི་ཁྲོད་མ་རོ་འཛིན། རི་ཁྲོད་མ་ནི་ཀྱེེ་རྡོར་ནས་གསུངས་པའི་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་ལྷ་མོ་རི་ཁྲོད་མས་འདོད་ཡོན་ལྔའི་ནང་ཚན་རོ་བརྒྱའི་ཞལ་ཟས་ཀྱིས་གང་བའི་ཐོད་པས་གཙོ་བོ་ལ་མཆོད་པའི་ཚུལ་འཛིན་པ། གདོལ་པ་མོ་ནི་ཅང་ཏེའུ་རྡུང་། གདོལ་པ་མོ་ནི་ཀྱེེ་རྡོར་ནས་གསུངས་པའི་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་ལྷ་མོ་གདོལ་པ་མོ་དེས་ཕོ་མོའི་ཐོད་པ་ལྟག་སྤྲོད་བྱས་པའི་འདོད་ཡོན་ལྔའི་ནང་ཚན་ཌཱ་མ་རུའི་ཅང་ཏེའུ་རྡུང་བའི་སྒྲས་གཙོ་བོ་ལ་མཆོད་པའི་ཚུལ་མཚོན་པས། རྩ་ཚིག་ལས། འདི་རྣམས་ཀྱིས་ནི་གཙོ་བོར་མཚོད། ལྷ་མོ་འདི་རྣམས་ཀྱིས་ནི་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཀྱེེ་རྡོ་རྗེ་ལ་མཆོད་པར་བྱེད་ཅེས་སྒྲ་དངོས་སུ་བསྟན་པའོ།། འདོད་ཆགས་ཆེན་པོ་རྗེས་ཆགས་མ། །གཡུང་མོའི་སྐུ་ལ་འཁྱུད་པ་ཉིད། ཅེས་བདེ་སྟོང་ཟུང་འཇུག་གི་འདོད་ཡོན་ལམ་དུ་འཁྱེར་བའི་དགའ་བ་ཆེན་པོའི་རྗེས་ཆགས་མ་སྟེ་ལྷ་མོ་གཡུང་མོ་ཞེས་འཁོར་ལྷ་མོ་བརྒྱད་ཀྱི་ནང་ཚན་གཡུང་མོས་གཙོ་བོའི་སྐུ་ལ་འཁྱུད་པའི་བརྡས་མཚོན་པར་བྱས་ཡོད། ལྷ་མོ་དེ་དག་གི་མཚན་དང་སྐུ་མདོག་བྱེད་ལས་ཀྱི་ཁྱད་པར་སོགས་ཀྱི་སྒོ་ནས་འགྲེལ་ཚུལ་ཡོད་ཀྱང་ཐད་ཀར་གོ་བ་ཙམ་ལས་འདིར་མ་སྤྲོས་སོ།། ཅེས་འཁོར་ལྷ་མོ་བརྒྱད་ཀྱིས་རང་རང་གི་ཕྱག་མཚན་དེ་རྣམས་དག་དྲན་མཚོན་བྱེད་དང་། དེ་ཡང་སྤྱིར་བཏང་སྤྱན་ལྟ་བུའི་ཕྱོགས་ཀྱི་གཟིགས་སྟངས་ལ་བསམས་ན་ཡང་། ཞི་བའི་སྤྱན་དང་ཁྲོ་བོའི་སྤྱན་གཉིས་སུ་མ་འདུས་པ་མེད་ལ། ཞི་བ་ལ་ཉན་རང་བྱང་སེམས་སངས་རྒྱས་ཏེ་བཞི་ཡོད་ལ། ཁྲོ་བོ་ལ་ཁྲོ་ཚུལ་གྱི་ཁྱད་པར་མང་བས་རྡོ་རྗེ་འཇིགས་བྱེད་ལྟ་བུ་གཤིན་རྗེ་ཁྲོས་པ། རྟ་མགྲིན་ལྟ་བུ་སྲིན་པོ་ཁྲོས་པ། འབྱུང་པོ་ཁྲོས་པ་འབྱུང་པོ་འདུལ་བྱེད་ལྟ་བུ། བདེ་མཆོག་དང་དུས་འཁོར་ལྟ་བུ་དྲང་སྲོང་ཁྲོས་པ། དེ་མིན་ཞི་བ་རྣམས་ཀྱི་སྐུ་རྒྱབ་རྒྱན་དྲུག་གིས་ཕར་ཕྱིན་དྲུག་མཚོན་པ་དང་། སེངྒེ་ཁྲིའི་ང་རྒྱལ་ཞབས་སུ་ནོན་པའི་བརྡ་མཚོན་པ་དང་། གླང་ཆེན་གྱིས་གཏི་མུག ཤང་ཤང་གིས་ང་རྒྱལ། རྨ་བྱས་འདོད་ཆགས། རྟ་མཆོག་གིས་ཕྲག་དོག་སྟེ་རྩ་ཉོན་ལྔས་མ་གོས་པར་ཞབས་སུ་ནོན་པའི་བརྡ་མཚོན་པ། སྐུ་གཅེར་བུར་བཞེངས་པས་གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཐམས་ཅད་གཉིས་མེད་ཡེ་ཤེས་ངང་དུ་མངོན་པར་རྫོགས་པ་སངས་རྒྱས་ནས་ཤེས་བྱའི་ཆོས་ཐམས་ཅད་ཕྱི་ནང་གསལ་སྒྲིབ་མེད་པར་མཁྱེན་པའི་བརྡས་མཚོན་པ་སོགས་དེ་དག་ནི་བརྟེན་པ་ལྷའི་མཚོན་དོན་མདོར་བསྡུས་པ་ཙམ་ཞིག་སྨོས་པ་ཡིན། རྟེན་གཞལ་ཡས་ཁང་གི་བརྩིགས་པ་རིམ་པ་ལྔས་ཡེ་ཤེས་ལྔ་མཚོན་པ་དང་། འདོད་སྣམ་གྱིས་རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་འདོད་ཡོན་ལམ་དུ་ཁྱེར་བའི་བརྡ་མཚོན་པ་དང་། རྟ་བབ་བང་རིམ་བཞིའི་བསྡུ་དངོས་བཞི་དང་རི་དྭགས་ཆོས་འཁོར་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན་པ། ཕྱོགས་བཞིའི་སྒོ་བཞིས་ཐར་པ་ཆེན་པོའི་སྒོ་མཚོན་པ་སོགས་ཤེས་བྱའི་གནས་ཟབ་ཅིང་ཕྲ་ལ་རྟོགས་པར་དཀའ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་དེ་དག་དེང་དུས་ཇི་མ་ཇི་བཞིན་མཁྱེན་པའི་རྣམ་དཔྱོད་དང་ལྡན་པ་ཤིན་ཏུ་དཀའ་བས། མདོར་ན་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷའི་ཚོགས་ཀྱིས་སྣང་སྲིད་དག་པ་རབ་འབྱམས་ཀྱི་ཞིང་གི་བཀོད་པ་སོགས་དག་དྲན་འདི་དག་མ་ཤེས་པར་གསང་སྔགས་འཆོལ་ཉོག་ཏུ་སྤྱོད་པ་ཡིན་པས། གཞི་ལམ་འབྲས་གསུམ་གྱི་ཉམས་ལེན་ལ་སྦྱོར་བ་དག་གིས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས་བསྐྱེད་རྫོགས་ཀྱི་དོན་ཁོང་དུ་ཆུད་པར་བྱ་བ་ནི་གནས་ལུགས་རྟོགས་པའི་ཉེ་རྒྱུ་མ་ནོར་བ་ཡིན་པས་ལྷ་སྒོམ་པ་དང་སྔགས་བཟླ་བ། དཀྱིལ་འཁོར་གྱི་ལས་བྱེད་པ་ལ་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷའི་རྣམ་བཞག་བྱང་ཆུབ་པར་བྱས་ཏེ། ད་གཟོད་ཉམས་ལེན་ལ་ཐུགས་གཞོལ་བའི་གོ་རིམ་མ་འཆུག་པའི་ངང་རྣལ་འབྱོར་སྤྱོད་པ་ལ་འབད་དགོས་པ་ཡིན། དེང་དུས་ཐང་ག་འབྲི་བ་དང་འདག་སྐུ་དང་བླུགས་བཟོ་བརྐོས་བཟོ་སྟེ་སྐུ་གཟུགས་བཞེངས་པ་སོགས་ལྷ་བཟོ་ཤིན་ཏུ་མང་བས་དེ་དག་སྐུ་གཟུགས་གཅིག་གི་མཚན་ཉིད་དང་མཚོན་བྱ་གང་ཡིན་ཤེས་པ་ནི་སྲིད་མཐར་མ་བཀག་ཙམ་དུ་སྣང་བས། དང་ཐོག་ནས་དཔལ་འབྱོར་ལ་ལག་རིང་པོ་ཞིག་བརྐྱངས་པའི་ཀུན་སློང་ཁོ་ན་ལས་ཁོག་ཤེས་མ་བསགས་པར་ཕྱི་ཚུལ་གྱི་མཛེས་ཉམས་ཁོ་ནས་ས་ཆོད་མེད་པས། ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་བཟོ་བོའི་ལག་རྩལ་ལ་ཁ་ཁོག་མཚུངས་པའི་ཤེས་རྒྱ་ཡངས་པོར་ཅི་ནས་ཀྱང་མཁྱེན་པ་སྐྱེད་ཅིག་ཅེས་སྐུལ་བ་ཡིན་ནོ། །
གསུམ། སི་ཁྲོན་བོད་ཁུལ་གྱི་དགོན་སྡེའི་ལྡེབས་རིས་
དེ་དག་གི་སྒྱུ་རྩལ་དང་ཁྱད་ཆོས་བཤད་པ།
དེ་ཡང་སྒྱུ་རྩལ་ཞེས་པ་དེ་ལྷད་མོ་བའི་བསམ་བློའི་འདུ་ཤེས་བསྒྱུར་བའི་རྣམ་དཔྱོད་ཀྱི་རྩལ་འདོན་པ་ཞིག་ལ་ཟེར་བ་ཡིན། དཀར་མཛེས་བོད་ཁུལ་གྱི་དགོན་སྡེའི་ལྡེབས་རིས་དེ་དག་ནི་གནའ་བོའི་རི་མོ་བ་མཁས་ཆེན་དག་གི་བཟོ་རྒྱུན་གྱི་བརྒྱུད་པ་མ་ཉམས་པར་རིག་གཞུང་གི་ཁོག་ཕུབ་གཞིར་བཞག་བྱས་པའི་ཐོག་མཛེས་རྩལ་གྱི་ཕྱུག་པའི་ཉམས་འདོན་པ་ཤ་སྟག་ཡིན་ལ། ལོ་རྒྱུས་ཀྱི་མཛེས་ལྗོངས་ལ་རྣམ་དཔྱོད་ཀྱི་འོད་མདངས་འཕྲོ་བའི་སྒྱུ་རྩལ་ཁྱད་པར་ཅན་ཏེ། དུས་རབས་རིམ་བྱུང་གི་ལོ་རྒྱུས་རང་བཞིན་ལྡན་པའི་རི་མོའི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་དང་ལྡན་ལ། སྐུ་གཟུགས་རེ་རེའི་སྟེང་རིག་གནས་ཀྱི་གདེང་ཚད་ཆེ་རུ་ཕྱིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་དང་། བསམ་བློའི་འདུ་ཤེས་དང་ཀུན་དཔྱོད་ཀྱི་ཚད་གཞི་སྐྱེད་སྲིང་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་མ་ཟད། ཕྱོགས་ཡོངས་ནས་མཛེས་རྩལ་གྱི་ཤུགས་རྐྱེན་ཐེབས་པའི་བསམ་བློའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཐུབ་བའི་ཕན་ནུས་ལྡན་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། གནའ་བོའི་ལྡེབས་རིས་འདི་དག་གིས་མིག་སྔར་འཛམ་གླིང་གི་རི་མོའི་སྒྱུ་རྩལ་ཐད་མཛེས་སྡུག་ཅིག་བསྐྲུན་ཐུབ་པས། ལྡེབས་རིས་དག་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན་པ་ནི་སྨོས་ཅི་དགོས། བཟོ་རིག་པའི་རིག་གནས་གཞིར་བཞག་ཐོག་གསོ་རིག་ཀྱི་བརྗོད་བྱ་ལུས་ཡོངས་རྗོགས་མཚོན་ཐུབ་པའི་སངས་རྒྱས་སྨན་བླའི་ཞིང་གི་བཀོད་པ་ལྟ་བུ་དང་། དེ་བཞིན་དུ་སྒྲ་རིག་པའི་རིག་གཞུང་ཁོངས་གཏོགས་ལྷ་ཀླུ་གནོད་སྦྱིན་སོགས་ལ་རང་རང་གི་སྐད་དང་མཐུན་པའི་ཆོས་ཀྱི་སྦྱིན་པ་དང་། འཁོར་ལྔ་སྡེ་སོགས་ལ་བདེན་བཞིའི་ཆོས་འཁོར་སྐོར་བའི་མཚོན་དོན་དང་བཅས་པ་དང་། གཞན་ཡང་རགས་པ་བརྡ་ལས་བྱུང་བ་དང་། ཕྲ་བ་ཆོས་ཉིད་ལས་བྱུང་བའི་ཆོས་འཁོར་གྱི་མཚན་ཉིད་ཡོངས་སུ་རྫོགས་པའི་མཚོན་དོན་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་རི་མོའི་ལམ་ནས་བཞེངས་པ་ལྟ་བུ་དང་། ཚད་མའི་རིག་གཞུང་རྒྱ་ཆེར་གསལ་བར་བྱེད་པ་དཔལ་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ་སོགས་ཚད་མའི་སློབ་དཔོན་རྣམས་ཀྱི་འཆད་རྩོད་རྩོམ་པའི་རྣམ་ཐར་རི་མོའི་གཟུགས་སུ་བཞེངས་པ་རྣམས་དང་། གཞན་ཡང་རྒྱལ་བའི་བཀའ་མདོ་དང་སྔགས་སུ་བཅས་པའི་རིག་གཞུང་གི་ནང་དོན་དག་རི་མོའི་སྒྱུ་རྩལ་གྱི་ལམ་ནས་མཚོན་པ་སོགས། མདོར་ན་ཤེས་བྱའི་ཆོས་གང་དང་ཅིའང་རུང་སྟེ་རི་མོའི་ལམ་ནས་འདོན་སྤེལ་བྱས་པའི་སྒྱུ་རྩལ་གྱི་རང་བཞིན་ལྡན་པ་དང་། ཆོས་དང་འཇིག་རྟེན་གཉིས་ཀའི་བརྡ་དོན་རི་མོའི་སྒྱུ་རྩལ་གྱི་ལམ་ནས་གསལ་བར་བྱེད་པའི་གནའ་བོའི་ལྡེབས་རིས་འདི་དག་གི་ཚོན་མདངས་ཀྱི་ཁྱད་པར་ལ་བསམས་ནའང་། ཚོན་གྱི་སྦྱོར་སྡེབས་དང་སྲབ་མཐུག །མདངས་ཀྱི་ལྕི་ཡང་། གནམ་སའི་བར་ཐག་གི་མཛེས་ལྗོངས་སོགས་འཇིག་རྟེན་གསར་པ་ཞིག་གི་སྣང་བར་བསྒྱུར་ཐུབ་པའི་ཁྱད་ཆོས་དང་སྒྱུ་རྩལ་གྱི་རྣམ་པ་མངོན་ཡོད་པ་མ་ཚད། འདུ་ཁང་གི་སྒོ་ཆེན་ལོགས་ཀྱི་ལྡེབས་ངོས་སུ་བྲིས་པའི་སྲིད་པ་འཁོར་ལོ་ལྟ་བུ་ཞིག་ལ་ཆ་མཚོན་ན། འཁོར་བ་རྒྱུ་འབྲས་དང་བཅས་པའི་རིགས་དྲུག་སྲིད་པས་བསྡུས་པའི་དག་མ་དག་སོགས་གནས་རེ་རེ་མཐོང་ཚེ་གནས་དེའི་འགྲོ་བའི་རིས་དེ་དང་དེའི་བདེ་སྡུག་སོགས་རྣམ་སྨིན་དང་ལུས་ཀྱི་ཚོར་སྣང་སྦྱིན་ཐུབ་པའི་སྒྱུ་རྩལ་གྱི་ནུས་པ་དང་ལྡན་ལ། ལྡེབས་ངོས་སུ་བཞེངས་པའི་སྐུ་གཟུགས་དེ་དག་མཐོང་བའི་མོད་ལ་མ་དག་འཁོར་བས་བསྡུས་པའི་སྣང་བ་དལ་གྱིས་འགགས་ཏེ་སྐུ་དང་ཡེ་ཤེས་སོགས་དག་པ་རབ་འབྱམས་ཀྱི་སྣང་བ་འབའ་ཞིག་ལས་མི་འདའ་བའི་ཁྱད་ཆོས་དང་ལྡན་པ། རི་བོ་དང་ཆུ་བོ་སྤང་ལྗོངས་དང་ནགས་ཚལ་སོགས་སུ་རི་དྭགས་གཅན་གཟན་དང་འདབ་ཆགས་ཀྱི་རིགས་སོགས་རང་དགར་བག་ཡངས་སུ་རྒྱུ་བའི་མཛེས་རྩལ་གྱི་ནུས་པས་ཁོར་ཡུག་ལ་བདག་རྐྱེན་བྱེད་པའི་ནུས་པ་སྐྱེད་སྲིང་དུ་གཏང་ཐུབ་པ་དང་། ས་གཞི་དང་བར་སྣང་ནམ་མཁའ་སོགས་རང་བྱུང་ཁམས་ཀྱི་མཛེས་སྡུག་བཀྲ་བའི་དངོས་སྣང་རེ་རེས་ཀྱང་ལུས་སེམས་ལ་དགའ་བདེའི་སྣང་བས་ཁྱབ་པའི་ནུས་པ་ཐོན་པ། མདོར་ན་རིག་གཞུང་ལས་བཤད་པའི་གར་དགུའི་ཉམས་ཀྱིས་ཕྱུག་པའི་སྒྱུ་རྩལ་ལས་མ་འདས་པར་སྒེག་པའི་ཉམས་མཛེས་པ་སྟེ་མཐོང་ན་མི་མཐུན་པ་མེད་པ་དང་། སངས་རྒྱས་རྣམས་སྔོན་བྱང་ཆུབ་སེམས་པའི་སར་སྦྱངས་པའི་གནས་སྐབས་སུ་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་ལ་མནར་མེད་དུ་འཇུག་པ་ལ་ཡ་ང་བ་དང་བག་ཚ་བ་མེད་པའི་ཐུགས་དཔའ་བའི་སྒྱུ་རྩལ་གྱི་ཉམས་དང་ལྡན་པ། ཁྲོ་བོ་རྣམས་མཚན་རྟོགས་ཀྱི་དྲི་མ་མཐའ་དག་སངས་པས་མི་མགོ་སྐམ་རློན་དང་མི་ལྤགས་ཀྱི་གཡང་གཞི། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་སོགས་མི་སྡུག་པའི་ཆས་དགུས་བརྒྱན་ཆ་ལྟར་བསྲེལ་པའི་ཉམས་ཕུན་སུམ་ཚོགས་པ་སྟེ་སྐུའི་ཉམས་གསུམ་དང་། དགོད་པ་སྟེ་ཞི་བ་དང་ཁྲོ་བོའི་སྐུ་གང་ཡིན་རུང་འཛུམ་ཟེར་འཕྲོ་ཞིང་བཞད་པ་དང་། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་ཞལ་གྱི་སྒོ་ནས་ཧ་ཧ་སོགས་བཞད་པའི་སྒྲ་སྒྲོགས་པའི་ཉམས་རང་ཤུགས་སུ་དོད་པ། ཁྲོ་བོ་རྣམས་ཀྱིས་ཞལ་ནས་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་གནམ་ས་བལྡད་པའི་དྲག་ཤུལ་གྱི་རང་སྒྲ་སྒྲོགས་པས་གདོན་བགེགས་ཐམས་ཅད་དམིགས་མེད་དུ་བཏང་བའི་ཉམས་དང་ལྡན་པ། གཞན་ཡང་ཞལ་ནས་བྷྱོ་བྷྱོ་དང་བཟློག་བཟློག་སོགས་འཇིགས་སུ་རུང་བའི་ང་རོའི་བསྟན་དགྲ་ཐལ་བའི་རྡུལ་ལྟར་བརླགས་པའི་ཉམས་ཏེ་གསུང་གི་ཉམས་གསུམ་དང་ལྡན་པ། སངས་རྒྱས་ཐམས་ཅད་སྐུའི་རྣམ་པ་ཇི་ལྟར་བསྟན་ཀྱང་ཐུགས་རྗེ་ལ་ཕྱོགས་དང་རིས་སུ་མ་ཆད་པར་ཡེ་ཤེས་ཀྱི་སྣང་བས་འབྱམས་སུ་ཀླས་པའི་སྙིང་རྗེའི་རྩི་དང་མ་བྲལ་བའི་ཐུགས་ཀྱི་ཉམས་དང་ལྡན་པ། སངས་རྒྱས་རྣམས་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆོས་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་སྐུ་རྔམ་བརྗིད་དང་གཟི་བྱིན་བསྐྱེད་པའི་ཉམས་རང་བཞིན་དང་ལྡན་པ། རྒྱལ་བ་རྣམས་ཁྲོ་ཆགས་སོགས་སྐུའི་རྣམ་པ་ཇི་ལྟར་ལྡན་ཡང་ཐུགས་མཉམ་པ་ཉིད་ལས་ནམ་ཡང་མ་གཡོ་མི་གཡོ་གཡོ་བར་མི་འགྱུར་བ་ཐུགས་ཀྱི་ཉམས་གསུམ་སྟེ་གར་དགུའི་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པའི་རང་བཞིན་དང་ལྡན་པའོ།། གང་ལྟར་ཡང་གནའ་བོའི་ལྡེབས་རིས་འདི་དག་གི་ཉམས་དང་ཁྱད་ཆོས་སོགས་བརྗོད་ཀྱིས་མི་ལངས་པས། ཚོན་མདངས་དང་རི་མོའི་འགྲོས་ཡུལ་སྣང་དང་ལྷ་བཀོད་ཀྱི་ཁྱད་པར་མཆོད་པའི་རྣམ་གྲངས་གཟུགས་འགྲོས་ཀྱི་རྒྱན་སོགས་སྔོན་བྱོན་བཟོ་རིགས་ལ་གྲུབ་པ་ཐོབ་པའི་མཁས་པའི་དབང་པོ་དེ་དག་གི་མཛེས་རྩལ་གྱི་རྣམ་དཔྱོད་མིག་གི་དགའ་སྟོན་དུ་སྤེལ་བའི་ཤུལ་བཞག་རིག་དངོས་འདི་དག་བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་ཉག་ཕྲ་བའི་ཁོ་བོ་ལྟ་བུས་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་ལ་ཇི་ལྟར་གཞལ་ཡང་ཕྱོགས་ཙམ་བརྗོད་པ་མ་གཏོགས་ཚད་ཡོངས་སུ་རྫོགས་པར་ལོན་པ་ཞིག་ག་ལ་འགྱུར། སྤྱིར་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་མཁྱེན་བརྩེ་ནུས་པའི་ཡོན་ཏན་སོགས་ལ་ཇི་ལྟར་གཞལ་ཡང་བསམ་གྱིས་མི་ཁྱབ་པའི་གནས་ཏེ་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པས་དཀྲུགས་པའི་རྣམ་རྟོག་གི་གཟེབ་ནས་མ་གྲོལ་བའི་བྱིས་པ་སོ་སོའི་སྐྱེ་བོ་ཞིག་གི་ཁ་སྒོ་ནས་སངས་རྒྱས་ཀྱི་ཡོན་ཏན་བརྗོད་མི་ནུས་མོད། དེ་ལྟར་ནའང་འཇམ་མགོན་ས་པཎ་གྱིས་ཕྱོགས་རེ་ཤེས་པ་ཀུན་ལ་ཡོད། ཐམས་ཅད་ཤེས་པ་གང་ནའང་མེད་གསུངས་པ་ལྟར་རྒྱ་མཚོ་ཆེན་པོའི་ཆུ་ཧུབ་ཀྱིས་གཞིབས་ནས་ཁོག་ཏུ་ཆུད་པ་ཞིག་སྔོན་བྱུང་མ་མྱོང་ལ་རྗེས་སུ་འབྱུང་བར་ཡང་མི་འགྱུར་བས་ཆུའི་ཐིགས་པ་བསགས་པའི་དཔེ་ལྟར་རང་རང་གི་རྣམ་དཔྱོད་ཀྱི་འཆར་སྟངས་ཙམ་ཞིག་བརྗོད་པ་ལ་འགལ་བ་ཡོད་པར་མི་སེམས་པས། དེ་ལྟར་བརྗོད་པའི་དགེ་བའི་རྩ་བས་འགྲོ་བའི་ཁམས་ཀྱི་མ་རིག་པའི་རྨོངས་པ་ཀུན་བསལ་ནས་ཤེས་རབ་གསུམ་གྱི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་ཐོབ་པའི་རྒྱུར་གྱུར་ཅིག །