༄༅།།གླིང་འབུམ་དཔོན་ཐོག་རྒོད་འབར་བའི་ལོ་རྒྱུས།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༦ ཚེས་ ༢༩
༄༅།།གླིང་གི་དཔལ་ཐུལ་སུམ་ཅུའི་ནང་གསེས་འབུམ་དཔོན་ཐོག་རྒོད་འབར་བའི་ལོ་རྒྱུས་རགས་ཙམ་བཤད་པ་དྭངས་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
འཁྲུལ་མེད་ལུང་བསྟན་དུ་མ་གཏེར་དུ་སྦས།།
བོད་འབངས་རྫོགས་ལྡན་གསར་པའི་ཞིང་ལ་བཀོད།།
རིག་འཛིན་ཆེན་པོ་སློབ་དཔོན་པདྨ་འབྱུང་།།
དད་པའི་རླབས་ཀྱི་དབུས་སུ་རྩེན་པར་མཛོད།།
སྐུ་ལ་དགྲ་ལྷ་ཝེ་མའི་སྐུ་ཤུགས་རྫོགས།།
གསུང་སྐད་ཐ་ལ་དྲུག་འགྱུར་དབྱངས་རྟ་སྙན།།
ཕྱོགས་བཞིའི་བདུད་རིགས་ཐལ་བ་རྡུལ་དུ་བརླགས།།
རིགས་གསུམ་སྤྲུལ་པའི་ཟློས་གར་སེང་ཆེན་རྒྱལ།།
རྔམས་བརྗིད་དཔའ་བོའི་སྙིང་སྟོབས་དགུང་ལས་མཐོ།།
འཁོར་འབངས་བུ་བཞིན་གཅེས་པའི་ཐུགས་བརྩེ་ཅན།།
གླིང་གི་དཔའ་ཐུལ་འབུམ་དཔོན་ཐོག་རྒོད་འབར།།
ངོ་མཚར་ལོ་རྒྱུས་རིང་མོ་འབྱམས་སུ་ཀླས།།
ལོ་ཟླའི་འཕོ་འགྱུར་ཁྲོད་ནས་རྙེད་པ་ཡི།།
དཔའ་མཛངས་སྐྱེས་བུ་གང་ཞིག་འབྱོན་བཞུགས་གནས།།
ངོ་མཚར་འབར་བའི་ལོ་རྒྱུས་རིང་མོའི་ཁྲོད།།
གཟུར་བོའི་བློ་ཡིས་ཅུང་ཟད་འབྲི་བར་བྱ།།

དེ་ཡང་ཡེ་ན་བཀྲ་ཤིས་ལྷ་རྩེའི་ཡང་རྩེ་རི་གླང་ཆེན་འདྲ་བའི་སྤྱི་གཙུག་ཏུ་གྱང་མཐོ་ཞིང་། གྱང་ཕྱི་ནང་གཉིས་རིམ་ཅན་ཕན་ཚུན་ཕོ་འདམ་༣༠ཙམ་ཡོད་པའི་མཁར་ཆེན་པོ་ཞིག དེ་ནས་འབྲི་ཆུ་བར་རྟ་ཆུ་བླུད་ཁྲིད་ས་རེད་ཅེས་གྲགས་པའི་གྱང་གི་གཡས་གཡོན་ར་བ་ཕྱིས་སུ་ཡོད་པ་དང་། འབུམ་དཔོན་གྱིས་རྫོང་མགོ་ནས་རབ་འབུར་གྲོང་དུ་ཕ་བང་ཞིག་ལ་མདའ་རྟགས་བཞག་པའི་རྗེས་ངོ་མཚར་བ་སོགས་ཡོད་པ་དང་། ད་ལྟར་མཁར་ཤུལ་དེར་ཡེ་དགོན་གྱི་སྒྲུབ་ཁང་སྙན་རྒྱུད་བསམ་གཏན་གླིང་ཞེས་སྒྲུབ་བརྩོན་པ་རྒྱུན་མ་ཆད་པ་དག་གིས་ཀྱང་གེ་སར་དང་འབུམ་དཔོན་གསོལ་མཆོད་མ་ཆགས་པ་བྱེད་སྲོལ་ད་ལྟ་ཡང་མཆིས་སོ། །

ཨ་ཁྲོ་བསྟན་པའི་དྷཱཛས་གཟིགས་སྣང་ལ་མགྱོགས་འགྲོ་ཁམ་ཆེན་གྱི་སྟེང་ན། མི་དམར་བཙན་རྒོད་ཁྲོས་འདྲ་བོངས་རིང་བྲང་ཞིང་ཆེ་ཞིང་། རལ་པ་དང་ཨོག་ཚོམ་ཁམ་ནག་ཉིལ་ལེ་བ། དགྲ་ལྷའི་དཔའ་ཆས་ཡོངས་རྫོགས་གསོལ་བ་ཞིག་འདན་ཡུལ་ནས་ཡིན་ནོ་སྙམ་པ་གསུངས་ཤིང་གསོལ་མཆོད་རྒྱས་པ་གཅིག་ཀྱང་མཛད་པ་དང་། ཡེ་ནས་གུ་རུ་གུ་ཎ་དྷ་རྨ་བརྡྷས་མཛད་པའི་གསོས་བསྡུས་ལས། ཀྱེ་གེ་ཐུང་རཱ་ཛའི་ནང་བློན་འབུམ་དཔོན་ལ། །བསང་དང་གསེར་སྐྱེམས་བདུད་རྩིའི་མཆོད་སྤྲིན་སྤྲོ། །བདག་ཅག་དཔོན་སློབ་དགོན་སྡེ་ཡུལ་གྲུ་ཀུན། །དུས་དྲུག་མ་གཡེལ་སྲུང་མ་འཕྲིན་ལས་མཛོད། །ཅེས་སྔར་གྱི་ལོ་རྒྱུས་དང་མཁས་གྲུབ་མང་པོས་སྔར་ཕྱི་ཅི་རིགས་གསུངས་པ་ཐམས་ཅད་མཐུན་པའོ།།
དེ་སྐབས་ཤིག་རྫོང་མགོ་འདིར་གླིང་འབུམ་དཔོན་གྱི་རྒྱུད་པའམ་གླིང་ཨ་ཡན་མཛངས་པ་ཞེས་ཕོ་རྩལ་སྣ་དགུ་སོགས་འཛོམས་པ་ཞིག་ཡོད་རབས། འགའ་ཞིག་གི་ཨ་ཡན་མཛངས་མའམ་རྒྱལ་མོ་ཞེས། གླིང་མོ་སྨན་བདུན་གྱི་ཡ་གྱལ་ཞིག་ཡིན་པ་གང་ལྟར་རུང་དེའི་མི་རྒྱུད་དྲུངས་དཀོན་མཆོག་ལེགས་པའི་བར་དུ་ཆོས་སྲིད་གཉིས་ཀའི་དབང་མཛད་ནས་དེ་སྐབས་ཤིག་ན་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན།སྡེ་དགེའི་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་སོགས་མཆོད་གནས་སུ་སྐུལ་ནས་དར་རྒྱས་ཆེར་བྱུང་སྐད།
སྡེ་འབངས་ཀྱང་གླིང་ཨ་འདོང་ཕུ་བཞི་མདའ་བརྒྱད་ཅེས་སྡེ་དུད་སྟོང་ཕྲག་ལྷག་ཡོད་པ་དང་། དེ་སྐབས་མེ་འདོང་ལའང་ཨ་ཡན་ཟོ་དོར་ཞེས་གྲགས་པའི་གནས་དེའི་ལ་ཁར་ཨ་འདོང་ལབ་རྩེ་དང་། འོག་ཏུ་ཨ་ཡན་སྲས་མཁར་ཟེར་བའི་རྡོ་མཆོད་རེའང་ད་ལྟ་མཇལ་རྒྱུ་ཡོད། རྫོང་འདི་ཡི་གཡས་ཉི་རྫོང་ཞེས་སྔོ་ལོ་བུ་མོ་ནེའུ་ཆུང་གི་མཁར་ཡོད་རབས། གཡོན་དུ་འབྲུག་མོའི་མཁར་མགོ་ཞེས་སྐྱ་ལོ་བུ་མོ་འབྲུག་མོའི་མཁར་རེད་ཅེས་རྡོ་རྩིག་ཆེ་ཙམ་ཞིག་ད་ལྟ་ཡང་མཇལ་རྒྱུ་ཡོད་དོ། །
རབ་བྱུང་༡༡པའི་སྟོད་ཙམ་སྡེ་དགེའི་གདུང་རབས་༤༥པའི་སྐབས་ཁྲི་འཛིན་དང་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ལ་བོད་ཆོས་རྒྱལ་ཆེན་པོའི་གོ་ས་ཐོབ་སྟེ། ས་སྡེ་མང་པོ་ཞི་དྲག་སྣ་ཚོགས་ཀྱིས་མངའ་འོག་ཏུ་བསྡུས་སྐབས། ཕྱོགས་ཀྱི་དཔོན་པོ་དག་བླ་དཔོན་གྱི་གཟི་བརྗིད་ཀྱིས་མ་བཟོད་ནས་སྙིང་ཚ་ཧོབ་བེ་གནས་དགོས་པའི་དུས་དེ་ཙམ་ཞིག་ན། ཡེ་དཔོན་དྲུངས་དཀོན་མཆོག་ལེགས་པས་བླ་ཆེན་ལ་མགོ་བཏགས་ཞུས་པས། བླ་ཆེན་ཐུགས་རངས་ཏེ་དཔོན་ཆེན་རང་འཇགས་སུ་གནང་བ་དང་། དེ་ནས་མི་རྒྱུད་ད་ལྟར་བར་ཡ་གྲོང་ཚང་ཞེས་པ་འདི་ཉིད་བྱུང་བ་ཡིན་ཟེར་སྲོལ་བྱུང་ངོ་། མཁར་གྱི་ཆགས་འཇིག་བྱུང་ཚུལ་ནི།རྫོང་མགོའི་མཁར་འདི་སྔར་གླིང་གི་དུས་དགྲ་མཁར་སྐྱ་མོ་ནང་རྫོང་ཞེས་གྲགས་པ་དང་། རབ་བྱུང་༡༡ས་ཡོས་༡༦༣༩ལོ་ཙམ་ཞིག་ལ་དྲུངས་དཀོན་མཆོག་ལེགས་པ་བཞུགས་སྐབས་ཤིག་སོག་དམག་འབོར་ཆེན་འདིར་བསླེབས་ནས། འབྲི་ནུབ་ཀྱི་བེ་སྡེ་དང་ཆེ་འཁྲུགས་པས་མཁར་དམར་མདོ་སོགས་མི་རོས་ཁེངས་ཤིང་། ཡར་མར་འགྲིམ་འགྲུལ་ཆད་པ་དང་། རོ་དྲི་སྒོ་ལ་གོང་ལ་ཡང་ཚོར་བ་བཤད། དེ་སྐབས་འདིར་འཁྲུགས་པ་དང་ཉེ་བའི་རྐྱེན་གྱིས་སོག་དམག་གིས་འགྲོ་ཞོར་འདུག་ཞོར་མཁར་འདི་ལ་སོགས་པ་གཏོར་བཤིགས་ཅུང་ཤོར་སོང་བ་བཤད། དེ་ནས་རབ་བྱུང་༡༤པའི་ཆུ་ཕག་ལོར་༡༨༦༣ལོར་ཉག་དགྲ་སྡེ་དགེ་རུ་བསླེབས་པས་མཁར་འདི་སོགས་གཏོར་བཤིགས་ཆེར་བྱས་སོང་བ་ཡིན། རབ་བྱུང་༡༥པའི་༡༨༩༦ལོ་དགོན་ཆེན་མཁན་བསོད་ནམས་མཆོག་སྒྲུབ་ཀྱི་ཚ་བོའམ་གྲྭ་ཨ་དཀར་གྱིས་སྦྱིན་བདག་བྱས་ནས་མཁར་ཤུལ་དེར་སྒྲུབ་ཁང་ཞིག་བཞེངས་ཤིང་། དེ་ནས་༥༨ལོ་བར་དགོན་འདི་ཡིས་དགེ་འདུན་མི་ཉུང་བ་ཞིག་གིས་ཐོས་བསམ་སྒོམ་སྒྲུབ་རྒྱུན་མ་ཆད་པ་སྐྱོངས་ཤིང་ཉམས་རྟོགས་མཐོན་པོ་རྙེད་པའི་སྐྱེས་བུ་མང་པོ་ཞིག་བྱོན་ནོ། །
གཞི་རྒོལ་འགུལ་སྤྱོད་མ་བྱས་སྔོན་ཙམ་ཞིག་ལ་ཨ་ཁྲི་གཏེར་སྟོན་རྫོང་མགོར་ཕེབས་པ་དང་། གེ་སར་རྡོ་རྗེ་ཚེ་རྒྱལ་གྱིས་ཞལ་གཟིགས་པ་དེ་ནས་བཟུང་ད་ལྟའི་བར་ཟླ་༥པའི་ཚེས་ཉེར་ལྔ་ཉིན་གེ་སར་གསོལ་མཆོད་ཆེན་པོ་ཡང་དབྱར་གནས་པ་ཚོས་འདོན་སྲོལ་བྱུང་ངོ་།། གེ་སར་རྒྱལ་པོས་འཇང་ར་ལུང་གནས་ནས་གཏེར་དྲངས་པའི་ནོར་བུ་རྣམས། འཛམ་གླིང་གི་དཀར་ཕྱོགས་ཀྱི་ཟོ་དོར་ཆེན་པོ་རྣམས་སྤྱན་འདྲེན་ནས་བཀའ་གཏད་དང་འཕྲིན་བཅོལ་བཅས་ཤོ་རྒྱན་སུ་རྒྱལ་ཕྱག་ཏུ་བཞག་པས། རྒྱ་ནག་རྒྱ་རི་སྟག་རྩེ། བལ་པོ་དཔལ་རི་ཀླུ་མཁར། བོད་ཀྱི་གནས་བདག་ལོ་ཐང་སྲིན་མོ། དགེ་བསྙེན་མཁར་རི་ལྕམ་དྲལ། ཧོར་ཐོག་ལྷ་བཙན་པོ། མདོ་ཁམས་གླིང་མུ་པའི་ཟོ་དོར་འབྲི་ཀླུང་ཆབ་ཀྱི་ཡ་བདག་འབྲི་མེ་འདོང་བཅས་ལ་ཤོ་རྒྱན་ཐོབ། གཡུ་ནོར་གཟིག་ཅན་ཟེར་བའི་ཡི་གེ་ཝཾ་གྱི་མཚན་ཡོད་པ་དེ་མེ་འདོང་རྡོ་རྗེ་བློ་གྲོས་ཀྱིས་བླངས་པས། མ་འོངས་དུས་མདོ་ཁམས་སུ་བསྟན་པ་ཆེས་དར་ཞིང་། གཏེར་གྲུབ་བརྒྱ་རྩ་བརྒྱད་བྱོན་པ་དང་། ས་ཡི་མིང་ཡང་སྡེ་དགེ་ལྷུན་གྲུབ་སྟེང་བྱ་བའོ་ཞེས། དེ་ལྟར་ཟོ་དོར་རྣམས་ཀྱིས་ནོར་བུ་སོ་སོར་ཐོབ་པའི་བྱིན་རླབས་ཀྱིས་ད་ལྟར་ཡུལ་འབྱོར་ཕྱུག་སྙན་གྲགས་སོགས་དེ་བཞིན་འབྱུང་བ་ཡིན་ཞེས་གླིང་སྒྲུང་རྙིང་པ་ཞིག་ལས་གསུངས་པ་ལྟར། སྔར་གླིང་གི་ས་ཆ་དེར་ཕྱིས་སྡེ་དགེ་ཞེས་འབྱུང་བ་ལུང་བསྟན་ཞིག་ཀྱང་ཡིན་ནོ།། ས་སྐྱ་འགྲོ་མགོན་ཆོས་འཕགས་ཀྱིས་ཀྱང་གླིང་ཞེས་པ་སྡེ་དགེ་ཞེས་བསྒྱུར་བ་དང་། གླིང་དཔོན་གྱི་ཁྱིམ་རྒྱུད་ཆེ་གྲས་རྣམས་ལ་དྲུངས་པ་ཞེས་གསོལ་བ་ལྟར་མིང་དེ་ལྟར་ཆགས་སོང་བ་ཡིན་ནོ། །
སྣ་ཚོགས་སྒྲོ་སྐུར་གཏམ་གྱིས་མ་བསླད་པ།།
གཤིས་སུ་སྨིན་པའི་ལོ་རྒྱུས་རྣལ་མ་ལ།།
བལྟ་བ་འདོད་ན་ཁུངས་ཐུབ་ཡིག་ཚང་དང་།།
གཞུང་དྲང་རྒན་པོའི་ངག་ལས་རྟོགས་པར་གཅེས།།
ཕྱོགས་ལྷུང་གདོན་གྱིས་བསྲེ་སླད་མ་བྱས་ཤིང་།།
རང་བཟོ་བློ་ཡིས་རང་དགར་མ་བྲིས་པ།།
ཅུང་ཟད་བརྗོད་པ་དྲང་པོའི་ངག་ཚིག་གིས།།
རང་རིགས་གཞོན་ནུ་དག་ལ་སྐྱེས་སུ་ཕུལ།།
འདི་འབད་དགེ་བའི་འབྲས་བཟང་སྨིན་གྱུར་ན།།
རྒྱལ་བསྟན་ཕྱོགས་མཐར་མ་ལུས་ཁྱབ་པདང་།།
ལུས་ཅན་སྲིད་པའི་མཚོ་ལས་འདོན་པའི་ཕྱིར།།
རྣམ་དག་བསྔོ་བ་དམ་པས་ཟིན་པར་ཤོག།
ཅེས་པ་འདི་ནི་ས་འདིར་ལོ་རྒྱུས་སོགས་ཆེས་མང་ཞིང་རིང་བ་གཞན་ལས་ཀྱང་འདིར་ཆེ་སྟེ། དེང་སང་གླིང་གི་ལོ་རྒྱུས་འདི་ཆེས་ཆེར་གྲགས་པ་དང་དགོས་གལ་ཆེར་མཐོང་བ་རྣམས་གཙོ་བོས་བྱས་ནས་བླ་མ་ནོར་དགའ་ནས་ཡེ་རྩེའི་སྒྲུབ་ཐེངས་གསུམ་པའི་སྐབས་འབུམ་དཔོན་གྱིས་མཁར་ཤུལ་དུ་ས་ཕག་ལོ་ས་པཎ་གྱི་འདས་མཆོད་ཉིན་བྲིས་པ་དགེའོ། །

ཀྱེ། སྟག་རོང་དུག་མཚོ་ཁོལ་མའི་སྡེ་ཆེན་ནས།། ཁྲོ་རྒྱལ་དུག་གི་སྙིང་བཅུད་མཆན་ཁེབ་གཙོ།། འབུམ་དཔོན་ཐོག་རྒོད་འབར་བ་གྲགས་པ་དེ།། ཞལ་ངོ་དམར་ནག་བཙན་རྒོད་ཁྲོས་འདྲ་ལ།། སྤྱན་མིག་ཟླུམ་ཞིང་སྤྱན་ཟུར་དམར་ཞིང་སེར།། ཞལ་ན་དམར་སྨུག་འཐུག་ཅིང་ཚོམ་ཡང་སེར།། དབུ་ལྗོན་རྨོག་ནང་མ་ཆུད་ལྟག་རྒྱབ་ཁེབས།། དེ་ཡང་ཁམ་ནག་གཡས་སུ་ཉིལ་ལེ་བ།། བོངས་རིང་བྲང་ཞིང་ཆེ་ཞིང་དཔུང་པའི་ཤ།། གྲེ་སེར་འབྲོང་གི་བརླ་ཤ་ལས་ཀྱང་བརྗིད།། ཟངས་རྨོག་དགྲ་བླ་རང་འཁོར་དབུ་ལ་མནབས།། དེ་ལ་བྱེ་རུ་དམར་ནག་ཏོག་གིས་བརྒྱན།། སྐུ་ལ་ཟངས་ཁྲབ་བྲག་གི་བཙན་རྫོང་གྱོན།། དེ་ལ་ཟངས་ཀྱི་བྱང་བུ་བརྒྱ་རྩས་སྤྲས།། ཐུགས་ཀར་ཟངས་ཀྱི་མེ་ལོང་སྡེར་ཁ་ཙམ།། དེ་ལ་ཧཱུྃ་ཡིག་དམར་པོ་འབུར་དུ་བརྐོས།། དོར་མ་དམར་ནག་ཁྲག་གི་རང་མདངས་ལ།། སྲིན་པོའི་མགོ་བོ་ཚོམ་བུས་པུས་མོར་བརྒྱན།། ཤྭ་ཕོའི་ཀོ་བ་དམར་ནག་ཞབས་ལྷམ་ལ།། སྦྲུལ་མགོས་བརྒྱན་པའི་རྩིད་སྐུད་སྒྲོག་གིས་བཅིངས།། ཡ་མཆོག་ཟངས་དམར་མ་མཆོག་ས་ལེ་སྦྲམ།། ནང་དུ་ཁྱུང་ཆེན་སྡེར་མོའི་རྭ་ཡིས་སྤྲས།། མཆོག་བཟུང་སྦ་རྒོད་ཚྭ་དམར་ངར་བླུད་བཏགས།། ཐིག་ལེ་པ་ཡི་རིས་སུ་བཅུག་པར་མཛད།། རང་བྱུང་ཟངས་དམར་ལས་གྲུབ་མདའ་མོ་ལ།། གྲི་ལྕགས་སྣ་དགུ་ལས་བཟོས་མདེའུ་བཙུགས།། སྲིན་བྱའི་མཇུག་སྒྲོ་ལེབ་ཆེན་དབུས་མ་ཡི།། མདའ་སྒྲོ་གསུམ་གྱིས་བརྒྱན་ཅིང་ལྟོང་ཁ་རུ།། གསེར་དམར་བྱུགས་པས་སྟག་དོང་གང་བར་བྱས།། མགྱོགས་འགྲོ་ཁམ་ཆེན་བཅིབས་ནས་ཕེབས་པའི་ཚེ།། མི་ཡི་ལུས་ལ་གཤིན་རྗེ་ཁྲོས་འདྲ་ཞེས།། རྒྱ་བོད་ཧོར་སོགས་གྲགས་པའི་དམ་པ་ཁྱོད།། དེ་རིང་བདག་གིས་གནས་འདིར་སྤྱན་འདྲེན་ན།། མ་ཐོགས་མྱུར་དུ་གཤེགས་ཤིང་གདན་ལ་བཞུགས།། སྟོང་གསུམ་རབ་འབྱམས་འཇིག་རྟེན་ཁམས་ཀུན་ན།། མཆོད་འོས་ཡིད་དུ་འོང་བ་ཇི་སྙེད་ཀུན།། འབུམ་དཔོན་འཕྲིན་ལས་མྱུར་ཁྱོད་འབུལ་ལགས་ན།། བརྩེ་བས་བཞེས་ཤིང་དགྱེས་པས་ཐུགས་དམ་བསྐང་།། བདག་གིས་བཅོལ་པའི་འདོད་དོན་ཞུ་བ་ནི།།བསྟན་འཛིན་སྐྱེས་བུའི་དབུ་འཕང་ཆེར་མཐོ་ཞིང་།། བཤད་དང་སྒྲུབ་པས་ཕྱོགས་བཅུར་ཁྱབ་པ་དང་།། རྣམ་དཀར་སྦྱིན་བདག་ཚེ་བསོད་དབང་ཐང་འཕེལ།། བསམ་དོན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད།། འབུམ་དཔོན་ཐོག་རྒོདགསོལ་མཆོད་བྲིས་ཤིག་ཅེས།། འབུམ་རམས་རབ་བརྟན་དགེ་ལེགས་ཕུན་ཚོགས་གསུང་།། འབུམ་དཔོན་གསོལ་མཆོད་རིག་ཀློང་གང་ཤར་བ།། འབུམ་རམས་མིང་གིས་མ་ཕྱུག་དྷྭ་ཛས་བྲིས།།
༄༅།།འབུམ་དཔོན་གསོལ་བསྡུས་བཞུགས།། ཀྱེ། གེ་ཐུང་རཱ་ཛའི་ནང་བློན་འབུམ་དཔོན་ལ།། བསང་དང་གསེར་སྐྱེམས་མཆོད་སྤྲིན་བདུད་རྩི་སྤྲོ།། བདག་ཅག་དཔོན་སློབ་དགོན་སྡེ་ཡུལ་གྲུ་ཀུན།། དུས་དྲུག་མ་གཡེལ་སྲུང་ལ་ཕྲིན་ལས་མཛོད།། དགེ་ལེགས་ཕུན་ཚོགས་བཀའ་ལྟར་གསོལ་བསྡུས་འདི།། དགེ་ལེགས་འབྱུང་བའི་ལྟས་བཟང་ཤར་བ་དང་།། དགེ་མཚན་ཆེ་སྙམ་རིག་ཀློང་གང་ཤར་བྲིས།། དགེ་དེས་ཡེ་ནའི་ཡུལ་དེར་ཤིས་གྱུར་ཅིག། བླ་མ་ཡོན་ཏན་ཆོས་འཕེལ་ནས་སྨིན་ཟླའི་ཉེར་ལྔ་ནས་བྲིས་ཤིང་ལུང་དང་བཅས་གནང་བ་ཡེ་རྩེ་སྒྲུབ་ཐེངས་གསུམ་པའི་དུས་སུ་པར་དུ་བསྐྲུན་པར་དགེའོ།།