༄༅། །གླིང་རྗེ་སེང་ཆེན་མི་ཡི་ཉི་མའི་འཁྲུངས་ཡུལ་ས་སྐྱིད་སྐྱིད་སོས་ཡག་ལ་ཅུང་ཟད་བསྔགས་པ་དོན་འགྲུབ་ཝེར་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༡༠ ཚེས་ ༢༢

           ན་མོ་གུ་རུ་མ་ཎི་རཱ་ཛ་ཡ། ཕྱི་ལྟར་དགྲ་འདུལ་དམག་གི་རྒྱལ་པོ་ཆེ། །ནང་ལྟར་སངས་རྒྱས་སྟོང་གི་ཐུགས་ཀྱི་སྲས། །གསང་བ་རིགས་གསུམ་མགོན་དང་གཉིས་སུ་མེད། །དོན་འགྲུབ་ཝེར་མ་དཀར་པོ་རྒྱལ་གྱུར་ཅིག 1 །བསིལ་ལྡན་གངས་ཀྱི་ར་བས་ཡོངས་བསྐོར་བའི། །གངས་ཅན་བྷོ་ཊའི་ལྗོངས་ཀྱི་དབང་པོའི་ཕྱོགས། །མདོ་ཁམས་མི་འགྱུར་ས་ཡི་ཐིག་ལེ་ཞེས། །ཡོངས་སུ་གྲགས་པའི་འབྲི་རྫ་ཟལ་མོའི་སྒང་། 2 །སྨོན་སྐྱིད་གླིང་པ་དཀར་པོའི་གདན་སའི་མཐིལ། །ས་སྐྱིད་ལྕི་སོས་ཡག་གི་ཁ་མདོ་ཞེས། །ཇོ་སྐྱིད་དམ་པ་སངས་རྒྱས་ཞེས་གྲགས་པའི། །མཚན་དཔེའི་པད་ཚལ་བཞད་པའི་ཡུལ་ལྗོངས་ཏེ། 3 །སྤང་ལྗང་གཡུ་ཡི་མཎྜལ་ལྟ་བུ་ལ། །དཀར་དམར་མེ་ཏོག་མཛེས་པའི་ཚོམ་བུར་བཀྲ། །ལྷ་ཤིང་ནགས་ཀྱི་གཡུ་ལོ་རྒྱས་པ་ལ། །འདབ་ཆགས་རྣམས་ཀྱིས་མགྲིན་པའི་སྐད་སྙན་སྒྲོགས། 4 །མཛེས་བརྗིད་ཆགས་པའི་རི་ཀླུང་ཐམས་ཅད་ན། ། རི་གཅན་ཚོགས་རྣམས་དགའ་བས་མཆོང་རྩལ་ངོམས། །བརྒྱད་ལྡན་གཙང་པོའི་ཡོན་ཆབ་བཤམས་པ་ན། །གསེར་མིག་ཅན་རྣམས་བདེ་བས་གར་ལ་རྩེན། 5 །མི་རྟག་དུས་ཀྱི་འགྱུར་བའི་ཁྱད་པར་ལས། །ནམ་ཟླ་དུས་བཞིའི་འགྱུར་བ་མངོན་པར་གསལ། །དགེ་བཅུའི་དཔལ་གྱི་པདྨོ་འཛུམ་པ་ན། །སྡེ་བཞིའི་འབྱོར་པའི་ཁུར་གྱིས་མངོན་པར་ལྕི། 6 །དེ་ལྟར་ངོ་མཚར་ཡོན་ཏན་འབུམ་ལྡན་པའི། །གླིང་ཡུལ་ངོ་མཚར་མཐོང་བ་ཀུན་སྨོན་ཞེས། །སྐྱིད་ཁོག་སོས་ཁོག་ཡག་ཁོག་སུམ་འཛོམས་པས། །གངས་ལྗོངས་བོད་ཁམས་སྐྱིད་སོས་ཡག་པར་མཚོན། 7 །རྒྱབ་ནས་བྲག་གཉིས་མདའ་སྒྲོ་གཤིབས་པ་འདྲ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་མཚོན། །སྤང་ཐང་གཉིས་པོ་བལ་སྟན་བཏིང་བ་འདྲ། །ལུགས་གཉིས་འཕྲིན་ལས་ཀུན་ནས་རྒྱས་པར་མཚོན། 8 །གཡས་གཡོན་ཆུ་གཉིས་ཆབ་མ་བརྡབས་པ་འདྲ། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་མཚོན། །ཕར་ཚུར་རི་གཉིས་འདུན་མ་གཏམ་པ་འདྲ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་མཚོན། 9 །མདུན་དུ་ས་བཟང་སྨོན་ལམ་བྲག་གི་ལ། །སྨོན་ལམ་གང་བཏབ་ལྷུན་གྱིས་གྲུབ་པར་མཚོན། །ལ་དེར་ལམ་བཟང་བྱང་ཆུབ་འཕྲེད་ཀྱི་ལམ། །ཅི་བྱས་བྱང་ཆུབ་ལམ་དུ་བསྒྱུར་བར་མཚོན། 10 །གནམ་ལ་འཁོར་ལོ་རྩིབས་བརྒྱད་གདུགས་ལྟར་ཕུབ། །ས་ལ་པདྨ་འདབ་བརྒྱད་གདན་ལྟར་བཏིང་། །དུང་དཀར་གཤོང་དང་གསེར་ཉ་ཤུར་གཙོས་པའི། །བར་ལ་བཀྲ་ཤིས་རྟགས་ཀྱི་རེ་ཁཱ་བཀྲ།11 །ངོ་མཚར་ཅན་གྱི་ས་ཡི་དཔྱད་གཞན་ལ། །གྲོ་ལུང་ཞོལ་གྱི་ས་འཛིན་འཁོར་ལོའི་རི། །ལྷ་ཆེན་ཚངས་པའི་བྲག་དེལ་ནོར་བུའི་རི། །ལྕི་ཡི་སྨན་ལུང་ཕྱུག་མོ་བཙུན་མོའི་རི། 12 །རྒྱབ་རི་རྒོད་པོ་ལྷ་རྩེ་བློན་པོའི་རི། །ཚབ་ཚའི་གླང་ཆེན་འགྱིང་ཡག་གླང་པོའི་རི། །མདུན་རི་རི་བཞི་རྟ་ནག་རྟ་མཆོག་རི། །གཡོན་རི་རྫ་གདོང་ངུར་པ་དམག་དཔོན་རི། 13 །སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེས། །རྒྱལ་སྲིད་རིན་ཆེན་བདུན་ལ་དབང་བསྒྱུར་ལྟར། །སྐྱེས་མཆོག་འཛམ་གླིང་གེ་སར་རྒྱལ་པོ་ཡིས། །གླིང་གི་རྒྱལ་སྲིད་དབང་དུ་བྱེད་པར་མཚོན། 14 །ཞི་བ་ལྕི་མདའི་དར་ཐང་ཟླུམ་པོ་འཁོར། །རྒྱས་པ་རྒྱ་བཟའི་སྦྲ་མལ་གྲུ་བཞི་ལྟེམ། །དབང་ལ་ཀླུ་མཚོའི་སྤང་ལྗང་ཟླ་གམ་ཚུལ ། །དྲག་པོ་ལྕི་མདའི་སྟག་ལག་ཟུར་གསུམ་སྟེ། 15 །ཞི་རྒྱས་དབང་དྲག་བཞི་ཡི་བཀོད་པ་དག །མ་བཅོས་ལྷུན་གྱིས་གྲུབ་པའི་ངང་ཚུལ་འདིས། །མ་སང་ཨ་དཀར་འོད་ཀྱི་ཝེར་མ་ལ། །མ་འབད་ལས་བཞིའི་འཕྲིན་ལས་ལྷུན་འགྲུབ་མཚོན། 16 །རྒྱབ་རི་རྒྱལ་བ་རིགས་ལྔའི་བཀོད་པ་རྫོགས། །ལྷ་དང་བླ་ལུའི་བསྟན་པ་དར་བའི་ས། །མདུན་རི་གཡུ་ལོ་བཀོད་པའི་ཞིང་གི་ཚུལ། །མ་དང་སྲུ་ལུའི་སྐྱེ་གཟུགས་ཡག་པའི་ས། 17 །གཡས་རི་སྟག་མོ་དགྲ་ལ་རྔམ་པ་འདྲ། །སྟག་ཤར་གཞོན་ནུའི་དཔའ་རྩལ་རྒོད་པའི་ས། །གཡོན་རི་གཡུ་འབྲུག་གནམ་ལ་འཕྱོ་བ་འདྲ། །བསོད་ནམས་སྙན་གྲགས་ལོངས་སྤྱོད་ཆེ་བའི་ས། 18 །རྩ་གསུམ་འདུས་པའི་སྤྱི་གཟུགས་ཨོ་རྒྱན་རྗེས། །གནས་གསུམ་ཌཱ་ཀིའི་དབང་མོ་འགོག་བཟའ་ལ། །དཔྱད་གསུམ་དག་པའི་ལུང་བསྟན་གནང་བ་ཡི། །དུས་གསུམ་ཀུན་ཏུ་གནས་རྟགས་འགྱུར་བ་མེད། 19 །ལྷ་སྲས་ཇོ་རུའི་གཟུགས་སྤྲུལ་ངོམ་པའི་ཚེ། །ལྷ་ཡི་རྒྱལ་པོ་ཚངས་པས་བྱིན་བརླབས་པའི། །ལྷ་ཆེན་ཚངས་པ་དཀར་པོའི་བྲག་དེལ་ཞེས། །ལྷ་མཆོག་དགྱེས་པའི་གནས་སུ་མངོན་པར་བསྔགས།20 །གཉན་གྱི་བླ་བུ་གཉན་གྱིས་སྐྱོང་བ་ལ། །གཉན་ཆེན་སྐུ་ལྷ་ཨ་བོ་གེ་མཛོ་ཞེས། །གཉན་ཆེན་དགྱེས་པའི་གནས་ཀྱི་མགོ་བོ་ན། །གཉན་ཤིང་ཚེར་མའི་ཕུང་པོའི་མགོ་བོ་དུད། 21 །ཀླུ་ཚ་ཇོ་རུ་བལྟམས་པའི་སྔོན་ཞིག་ན། །ཀླུ་མོ་ཡབ་དང་མཇལ་བའི་ས་རྟགས་ལ། །ཀླུ་རྒྱལ་གཙུག་ནའི་གཏེར་སྒོ་ཕྱི་མ་ཞེས། །ཀླུ་དབང་གནས་པའི་ཆུ་མིག་ནག་རིང་ཡོད། 22 །ལྷ་གཅིག་ཨོ་རྒྱན་པདྨའི་ཚེ་ཆུ་དང་། །མ་གཅིག་གྲུབ་རྒྱལ་བདུད་རྩི་ཡོད་ཕྱོགས་དེར། །ཇོ་རུས་བྱ་ནག་སྤུན་གསུམ་བཏུལ་སྐབས་ཀྱི། །སྐུ་རྗེས་སྲ་མཁྲེགས་བྲག་ལ་བྱོན་པ་ཡོད། 23 །བྲག་རི་སྦལ་པ་འདྲ་བའི་གཡོན་ཟུར་ན། །ཇོ་རུའི་ཕྲུ་མ་སྦས་པའི་རྡོ་མཁར་དང་། །འདོ་རྗེ་རྐྱང་རྒོད་འཕེལ་པོའི་རྨིག་པའི་རྗེས། ། རྐྱང་ལུའི་རྟོད་ཕུར་ལ་སོགས་ཁྱད་འཕགས་བཞུགས།24 །སྐྱིད་སོས་ཡག་གི་ཟླ་ཆུའི་ཀླུང་འགྲམ་དུ། །རྒྱ་བཟས་ཇོ་རུ་བྲག་ལ་བརྡབས་ཤུལ་ན། །བྲག་ལ་བྱོན་པའི་སྐུ་རྗེས་ངོ་མཚར་ཅན། །རྣམ་པ་མང་པོས་འགྲོ་བའི་ཡིད་རབ་འཕྲོག 25 །རྒྱ་བཟའི་སྦྲ་མལ་ཞེས་སུ་གྲགས་པ་ན། །རྒྱ་བཟའ་ཚང་གིས་སྦྲ་ཆེན་ཕུབ་མལ་དང་། །རྒྱ་བཟའ་ཚང་གིས་བེའུ་འཚོ་ཡུལ་ན། །རྒྱ་བཟའི་བེའུ་ལུང་ནང་ཞེས་གྲགས་པ་དང་། 26 །རྒྱ་བཟས་འབྲི་བརྒྱ་རྡང་ལ་རྒྱག་པ་ཡི། །རྒྱ་བཟའི་ལྷས་མཚེར་དར་ཐང་ཆེན་མོ་དང་། །རྒྱ་བཟའ་ཚང་གི་རྫོང་སྲུང་སྡོད་སས་མཚོན། །རྒྱ་བཟའ་ཚང་གི་རྗེས་ཤུལ་རབ་ཏུ་མང་། 27 །སྔ་དུས་ཡུལ་འདིར་རྟེན་འབྲེལ་ལ་དགོངས་པས། །གླིང་དཀར་ཆོས་ཀྱི་རྒྱལ་པོ་རིམ་བྱོན་རྣམས། །མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ། །མངའ་གསོལ་མཛད་པའི་བྱུང་རབས་མང་ཞིག་མཆིས།28 །སྙིགས་དུས་འདྲེན་མཆོག་འཇམ་མགོན་རྣམ་གསུམ་དང་། །ཉག་བླ་བསོད་རྒྱལ་སོགས་ཀྱི་བཀའ་ལུང་ལྟར། །མི་རྗེ་ས་སྐྱོང་མཁྱེན་པའི་སྤྱན་ལྡན་པ། །དབང་ཆེན་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཡིས། 29 །གླིང་རྗེ་འཁྲུངས་པའི་ས་མིག་མ་ནོར་བ། །བྲག་རི་སྦལ་བ་འདྲ་བའི་རྩ་བ་དེར། །བོད་ཁམས་བདེ་ལེགས་འབྱུང་བའི་གཙུག་ལག་ཁང་། །གསེར་ཟངས་ལས་གྲུབ་ནོར་བུ་དགྲ་འདུལ་རྩལ། 30 །ཐོག་སོ་གཉིས་ལ་གླིང་གི་ལྷ་བརྒྱད་དང་། །ཁོར་ཡུག་དཔའ་བརྟུལ་མོ་སྨན་བཅས་པ་ཡི། །སྐུ་བརྙན་ངོ་མཚར་བཀོད་པ་ཁྱད་འཕགས་པ། །བོད་ཁམས་ས་ཡི་མེ་བཙའ་གསོ་ཕྱིར་བཞེངས། 31 །གཙུག་ལག་ཁང་དེར་གླིང་རྗེའི་སྦ་ལྕག་དང་། །བ་སོའི་ཕྱག་ཐམ་ཡིད་བཞིན་ནོར་བུས་མཚན།།སྐྱ་ལོ་སྟོན་པའི་མགུལ་རྒྱན་ཁྲ་རྒན་གྱི། །མ་ཡིག་ལུང་བསྟན་གླིང་ཆོས་ལ་འཕན་གྱི། 32 །ལས་ཐམ་ཁམས་གསུམ་ཟིལ་གནོན་ལ་སོགས་པ། །གླིང་རྗེ་དཔའ་བརྟུལ་མོ་སྨན་བཅས་པ་ཡི། །གོ་ཁྲབ་མཚོན་ཆས་གཙོས་པའི་ཉེར་སྤྱད་ཀྱི། །སྣ་ཁ་སྟོང་ཚོ་གཅིག་ལས་བརྒལ་ཞེས་ཐོས། 33 །རྟེན་དེར་ས་ཐོབ་སེམས་དཔའ་དུ་མ་ཡིས། །རབ་གནས་ཤིས་པའི་མེ་ཏོག་མང་འཐོར་བས། །འདོ་རྒྱལ་མགྱོགས་པ་རྐྱང་རྒོད་གཡེལ་པ་ཡིས། །འཚེར་སྐད་གླུ་དབྱངས་ལན་གྲངས་སྒྲོགས་པས་མཚོན། 34 །ངོ་མཚར་རྟེན་ལ་བྱིན་རླབས་གཟི་འབར་ཞིང་། །ནམ་རྒྱུན་གཙུག་ལག་ཁང་གི་ཕྱི་ནང་ནས། །མི་སྒྲ་རྟ་སྐད་ཐོས་རྒྱུ་ཡོད་པ་ཡི། །གྲགས་གཡེར་ཆེ་བའི་ལྷ་ཁང་ཞིག་ཏུ་གྱུར། 35 །ལྕི་ཡི་སྨན་ལུང་ཕྱུག་མོའི་སྒང་ལྟེམ་ན། །ལྕི་ཨེན་དྭངས་རུ་རལ་ཆེན་བཏུལ་ཤུལ་དང་། །ལྕི་ཡི་སྲིན་ཆུང་ནང་ཞེས་གྲགས་པ་ན། །ལྕི་ཡི་སྲིན་བུ་ངོ་དམར་བསྒྲལ་བའི་ཤུལ། 36 །ལྕི་ཁོག་འདུ་ར་སྟག་ཐང་ཁྲ་མོ་ན། །ལྕི་རྒྱལ་སྟག་རི་གྲགས་པའི་ཟོ་དོར་ཆེ། །ལྕི་ཕུ་བྲག་ནག་ལུང་གི་མདུན་ཕྱོགས་ན། །ལྕི་ཡི་ཟླ་ལུང་ཐང་དུ་འབོད་པ་སྟེ །37 །ལྕི་མདའི་དར་ཐང་ཕྱུག་མོ་གྲགས་པ་ནས། །ལྕི་ཡི་ཡོངས་འཛིན་ཉི་མ་ཤར་ཡག་བར། །ལྕི་ཡི་ལུང་པ་བཅུ་གསུམ་ལ་སོགས་པ། །ལྕི་མིང་ཐོགས་པའི་གླིང་གི་ལོ་རྒྱུས་མང་། 38 །ཁྱད་པར་སྟག་ཐང་ཁྲ་མོའི་ཐང་དཀྱིལ་དེར། །སྔ་དུས་གླིང་དཀར་འདུ་ར་བསྡུས་པའི་སྐབས། །དཔའ་བརྟུལ་ཕུ་ནུ་སུམ་ཅུས་བརྩིགས་པ་ཡི། །གསས་མཁར་ཆེན་པོ་སུམ་ཅུ་ལྷག་ཅིག་ཡོད། 39 །ཡུལ་སྐྱོང་ཟོ་དོར་སྐྱིད་རྒྱལ་སྟག་རི་ནི། །གེ་སར་བདུད་འདུལ་ལས་ཀྱི་དབང་ཕྱུག་གི། །སྐྱེས་ལྷ་བླ་རི་ཉིད་དུ་གསལ་བ་སྟེ། །རྒྱ་སྟག་དྲུས་མ་ཞིག་གི་ཚུལ་དུ་བཞུགས། 40 །མོ་མའི་བླ་རི་མོ་ཐུར་ལྷ་རྩེ་དང་། །བསང་ཁྲི་བྲག་ལ་བསང་ཁྲི་བརྩིགས་པའི་རྗེས། །སྦྲུལ་ལུང་ནང་ན་སྦྲུལ་བདུད་བཏུལ་བའི་ཤུལ། །རྡོ་ཟུག་མདའ་ན་རྡོ་རིང་བདུད་ལ་འཕང་། 41 །ཡོངས་འཛོམ་ཁོག་ན་ཡོངས་འཛོམ་ཤར་ཡག་སྟེ། །སྐྱ་ལོའི་མཚེར་སར་སྐྱ་ལོའི་མཚེར་ཤུལ་སོགས། །ཇོ་རུ་རྒྱལ་པོར་ཇོ་སྐྱིད་འབོད་དུས་ཀྱི། །གླིང་དང་འབྲེལ་བའི་གླིང་གི་རྗེས་ཤུལ་ཟབ ། 42 །གཞན་ཡང་ཨ་མྱེ་སྒོམ་པ་ར་ཛ་ཡི། །སྒྲུབ་གནས་ལྕི་ཕུ་བྲག་ནག་ལུང་མདོ་ཞེས། །ལུང་གསུམ་འདུས་མདོ་བྲག་ནག་ཟུར་གསུམ་རྩུབ། །འདྲེ་སྲིན་འབྱུང་པོ་གནས་པའི་ས་ཆ་དེར། 43 །འགོག་མོའི་ལྷ་སྲས་ཇོ་རུ་རྒྱལ་པོ་ཡིས། །ཨ་མྱེ་བསྒྲལ་བའི་དུས་ཀྱི་སྒྲུབ་ཕུག་གི །ཁུང་སྒོ་རྫུ་འཕྲུལ་མཐུ་ཡིས་བཅད་པ་ལ། །ཕ་བོང་ཅུང་ཕྱིར་འཐེན་པའི་རྣམ་པས་མཚོན། 44 །ཨ་མྱེས་ཀི་ཤར་འདེབས་སའི་ཀི་ཀིའི་ལུང་། །ཨ་མྱེའི་གདོང་ཁྲག་འཐོར་སའི་གདོང་དམར་སྣ། །ཨ་མྱེས་རབ་ཉེ་བཟླས་སའི་རབ་ཉེའི་རི། །ཨ་མྱེར་མོ་ལེགས་བབས་པའི་མོ་ལེགས་ཐང་། 45 །ཨ་མྱེ་དོམ་ར་མ་ཡི་ཆུ་ཁ་སོགས། །ཨ་མྱེ་ཇོ་རུ་རྒྱལ་པོས་དེད་པའི་ཚེ། །ཨ་མྱེ་ཐེངས་གཅིག་འབྲོས་པའི་བྱུང་རབས་ཀྱི། །ཨ་མྱེའི་རྐང་རྗེས་སྐར་ཚོགས་བཞིན་དུ་བཀྲ ། 46 །ལྕི་མདའི་ཕ་རོལ་སྲིན་མོའི་ཕུག་པ་ན། །ཇོ་རུས་སྲིན་མོ་བུ་ཟན་བསླུ་ས་དང་། །དེ་ཡི་མདུན་གྱི་རྫ་ཆུའི་ཀླུང་ཆེན་ན། །འདྲེ་མོ་རྡོ་ཟམ་ཞེས་པའི་ཟམ་པ་ཡོད། 47 །སྟག་སྒམ་བྱེའུ་ཆུང་མིད་པའི་འཕྲང་ལམ་ཞེས། །ལམ་འཕྲང་ཤིན་ཏུ་དོགས་པའི་ས་ཆ་ནས། །འགོག་མོའི་བུ་སྡུག་འགྲོ་དོན་ཆས་པའི་ཚེ། །ལྕགས་ཀྱུས་ཁ་སེ་རུ་ལུ་བསྒྲལ་བར་མཛད། 48 །སྟག་འདུ་སྐྱིད་པའི་ཆོས་ཀྱི་ལུང་པ་དེར། །འཇིག་རྟེན་བྱེད་པོས་ཆེད་དུ་བཀོད་འདྲ་བའི། །རང་བྱུང་བྲག་གི་ལྷུན་པོ་སུམ་ཅུ་ལ། །དཔའ་བརྟུལ་སུམ་ཅུའི་བླ་རི་ཞེས་སུ་གྲགས། 49 །ལྷུན་སྟུག་བྲག་གི་རི་བོ་འདི་རྣམས་ལས། །དུས་ཚེས་བཟང་བའི་སྐབས་ཀྱི་ཉིན་རེ་ལ། །རྔ་དུང་རོལ་མོའི་སྒྲ་དབྱངས་སྒྲོགས་པས་མཚོན། །ངོ་མཚར་ཆེ་བའི་གཏམ་རྒྱུད་མང་ཞིག་ཡོད། 50 །དེ་ཡི་མདུན་ཕྱོགས་ཟླ་ཆུའི་ཀླུང་འགྲམ་ན། །རྨ་ཆེན་སྤོམ་རའི་ལས་བྱེད་བདུད་ཀྱི་རིགས།།གོ་མཛོད་ནོར་བུའི་གཡུ་རྩེ་ཞེས་གྲགས་པ། །ཇོ་རུས་རྔོན་པ་མི་བདུན་བཅོལ་བའི་གནས། 51 །ས་བཙན་སྦྲུལ་མགོ་འདབས་ཞེས་ཡོངས་གྲགས་པའི། །བྲག་ནག་སྦྲུལ་མགོ་འདྲ་བའི་འོག་ཕྱོགས་དེར། །འགོག་མོའི་ཇོ་རུས་སྤྲུལ་བསྒྱུར་མང་བསྟན་ནས། །ལོ་འགར་བཞུགས་པའི་བྲག་སྐྱིབས་བརྗིད་རེ་ཆགས། 52 །གཞན་ཡང་ས་དེར་བློན་ཆེན་འདན་མ་ཡིས། །དབུ་རྨོག་ཕུད་སའི་རྡོ་ཡི་མཎྜལ་དང་། །འགོག་མོའི་རྟ་ར་ཇོ་རུའི་གླིང་ག་སོགས། །ཡ་མཚན་ཅན་གྱི་ས་ཆ་མང་ཞིག་མཆིས། 53 །དེ་ནས་སོང་བའི་ཤེད་བསྙིལ་དེལ་ལུ་ནས།།ཇོ་རུས་བདུད་རྒན་གཡག་ལ་ཞོན་པ་ལ། །མདའ་འཕང་ཞབས་ཀྱིས་རྡོག་བསྐྲད་མཛད་པ་ལས། །དེལ་ལུ་མར་ཙམ་ནུར་བའི་རྣམ་པ་དང་། 54 ། དུས་དེར་ཡ་དེང་འཇིགས་ཞིའི་ལ་གཙོས་པའི། །བདུད་རྒན་ལ་ལུང་དགུ་རུ་བྲོས་པ་ལ། །མདའ་ཧེ་རི་མགོ་དགུ་ལ་བྱུང་བའི་མཐར། །ར་སྐོར་ཧོར་ཁོག་ས་ན་བསྒྲལ་རྗེས་གདའ། 55 །གཞན་ཡང་གླིང་གིས་འདུ་ར་བསྡུ་ས་ལ། །དེང་གི་གསེར་ཁ་དྲུག་མདོ་གྲགས་པ་དང་། ། སྤོམ་རས་གོ་ཚང་གཡུ་རྩེར་ས་སྐལ་དུ། །སྤྲད་པའི་འཇིགས་ཞི་ར་མ་གསེར་ཐང་ཡོད ། 56 །འགོག་མོ་མ་བུ་ལྕི་མདར་གནས་པའི་ཚེ། །འཚོ་བ་གྲོ་མར་བརྟེན་པའི་རྟེན་འབྲེལ་ལས།།ད་ལྟ་བྱང་པ་ཁག་གི་ས་ཆ་ནས། །ཟས་མཆོག་གྲོ་མའི་གཏེར་ཁ་བརྡོལ་བར་མཐོང་།57 །སོས་ཁོག་བཙན་ལུང་ནང་ཞེས་གྲགས་པ་ན། །དགྲ་བླའི་རྒྱལ་པོ་ནོར་བུ་དགྲ་འདུལ་གྱི། །ཕ་ཡབ་གཉན་ཆེན་སྐུ་ལྷ་གེ་མཛོ་ལ། །བཅོ་བརྒྱད་བསྟན་པའི་ཨ་ཕྱུག་གེ་མཛོ་མཆིས། 58 །བཙན་ལུང་མདའ་ན་འབུམ་པ་ཞལ་དཀར་གྱིས། །ཐུགས་བརྒྱལ་བཞེངས་ནས་དགྲ་སྟྭ་ཤ་བཅས་པ། །རྡོ་ལ་གཡུགས་པའི་མཚན་མ་མངོན་བཀྲ་བ། །ད་ལྟ་སྐྱིད་སོས་ཡག་གི ་ཁ་མདོར་ཡོད། 59 །སོས་ལག་ཕུ་ཡི་སེ་ཡུ་རི་མགོ་ལ། །ཇོ་རུས་བརྟུལ་ཞུགས་མཛད་པ་བསྐྱངས་པའི་སྐབས། །རྒོ་འདྲེ་བསེ་རག་སྤུན་གསུམ་བསད་ས་ཞེས། །གྲགས་པའི་དཔང་པོར་རྒོ་ཕོའི་ཅོག་ཞུ་གསོལ། 60 །གཞན་ཡང་མཛེས་ཀྱི་ཆུ་ངོགས་ལུང་མདའ་ནས། །སྐྱེས་མཆོག་ཇོ་རུ་རྒྱལ་པོ་ཕེབས་པའི་ཚེ། །སྲིན་པོས་བཏང་བའི་སྲིན་མཛོ་སྦྲེལ་མ་ལ། །མདའ་འཕང་བསྒྲལ་བས་མཛོ་སྦྲེལ་སྣ་ཞེས་ཐོགས། 61 །དུས་དེར་སྲིན་པོ་མཛོ་གྲོད་ནང་བཅུག་པ། །གློ་བུར་སྲིན་བྱས་ཁྱེར་ནས་སོང་བའི་ཚེ། །དམ་ལ་བཞག་པའི་སྲིན་བཅུག་གྲོད་པ་དང་། །སྲིན་བྱ་རྡོ་ལ་གྱུར་པ་དངོས་སུ་ཡོད། 62 །ཡང་ནི་མ་རུང་དམ་སྲི་སྤུན་བདུན་པོས། །ཇོ་རུ་མཐོང་ནས་བྲག་རི་ཟང་ཐལ་གྱིས།།འབྲོས་པ་སྲས་ཆུང་སྣང་ངུ་གཡུ་སྟག་གིས། །འགྲོ་ལམ་བཀག་སྐབས་རྡོ་ལ་ཞབས་རྗེས་བྱོན། 63 །ཇོ་རུས་དམ་སྲི་སྤུན་བདུན་དེད་པའི་ཚེ། །ས་ཤུལ་གད་རལ་རྣམ་བདུན་བྱུང་བ་དང་། །དེ་ནས་དམ་སྲི་མནན་ཏེ་བྲོ་འཁྲབ་པས། །ཞབས་རྗེས་བྱུང་ལ་གེ་སར་ཞབས་རྗེས་གྲགས། 64 །མདོར་ན་སྐྱིད་སོས་ཡག་གི་ས་འདི་ནི། །དཀར་པོ་གླིང་གི་གདན་ས་ཡིན་པ་ལྟར། ། གླིང་གི་ཤུལ་རྗེས་ངོ་མཚར་དཔག་མེད་པ། །སྤང་ལ་རྩི་ཐོག་བཀྲ་བའི་ཚུལ་དུ་ཡོད། 65 །མདོ་སྨད་གླིང་ཁ་རྟ་ཡི་ཆོལ་ཁ་ཆེའི། །རྨ་གཡང་མཐོང་སྨོན་ནོར་གྱི་ར་བ་ཞེས། །འགོག་བཟའི་ར་བ་སྒོ་བཞིའི་རྟེན་འབྱུང་ལས། །རྟ་ནོར་ལུག་གི་འཕེལ་ཁ་ཀུན་ནས་རྒྱས། 66 །གླིང་སྡེ་ཁྲ་མོས་མཆོད་གནས་མཛད་པ་ཡི། །དགོན་སྡེ་ཁྲ་མོ་མང་པོའི་བཀོད་པ་དང་། །འདུས་སྡེ་ཁྲ་མོ་མང་པོའི་ཁྱུ་ཚོགས་ཀྱིས། །སྐར་ཚོགས་ཁྲ་མོའི་གཟི་དཔལ་འཕྲོག་གམ་སྙམ། 67 །ཕྱུག་པོ་ཀླུ་ལས་ཆད་འདྲའི་ཨ་ཕྱུག་དང་། །དཔའ་རྩལ་སྟག་དང་མཚུངས་པའི་སྟག་སྒམ་དང་། །དྲག་རྩལ་ཐོག་ལྟར་འབེབས་པའི་ཡ་དེང་སྟེ། །བཙན་ཕྱུག་དར་གསུམ་འཛོམས་པའི་གྲགས་པ་ཆེ། 68 །སྐྱིད་སོས་ཉི་མ་ཀུན་འཁྱིལ་གྲགས་པ་འདིར། །ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ཡིས། །དཔང་བསྟོད་ཀླུང་བསྐྱེད་འདོད་གསོལ་འཕྲིན་བཅོལ་བཅས། །དགྲ་བླའི་རྒྱལ་པོའི་གསོལ་མཆོད་གསར་དུ་མཛད། 69 །འཛི་སྒར་རིག་འཛིན་རྡོ་རྗེ་དྲག་པོ་ཡིས། །གནས་འདིར་དགོངས་གཏེར་གེ་སར་ཕབ་པ་དང་། །ཝེར་མ་དཀར་པོའི་མཆོད་སྒྲུབ་འདོད་གསོལ་བཅས། །མཐའ་དམག་གནོད་པ་ཞི་བའི་དགོངས་གཏད་གནང་། 70 །ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཡིས། །ལྕི་གཞུང་འདུ་ར་སྟག་ཐང་ཁྲ་མོ་ནས། །བསང་གསོལ་དང་འབྲེལ་ཐུགས་སྨོན་ཆེར་གནང་ཞིང་། །གེ་སར་སྒྲུབ་ཕྲིན་སྐོར་གྱི་ཐུགས་གཏེར་ཕབ། 71 །དུས་དེར་གེ་སར་ཕུ་ནུ་གཙོ་འཁོར་དང་། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཞལ་གཟིགས་ཏེ། །སྤོམ་རས་ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་ཕུལ། །གླིང་དུས་སྒ་སྡེ་ཡིན་པར་ཞལ་གྱིས་བཞེས། 72 །ཁྲི་དཔོན་ཨ་ནུ་དཔའ་སེང་རྣམ་སྤྲུལ་པ། ། འགྱུར་མེད་འགྲོ་འདུལ་གར་གྱི་རྡོ་རྗེ་ཡིས། །གནས་འདིར་གེ་སར་མཆོད་ལ་བརྩོན་པའི་ཚེ། ། དགོངས་གཏེར་གླིང་རྗེའི་སྒྲུབ་སྐོར་ཕབ་པར་མཛད། 73 །དགྲ་ལྷའི་རྣམ་སྤྲུལ་ཧཱུྃ་ཆེན་བླ་མ་མཆོག །གླིང་རྒྱལ་འཁོར་ཚོགས་དང་བཅས་འདིར་བྱོན་ཚེ། །མགར་བཟའ་སྟོང་ཉིད་ཆོས་ཀྱི་སྒྲོན་མ་ཡིས། །སྐེད་ཆིངས་གཡང་ཊིའི་རྒྱན་ཅན་དངོས་སུ་བསྩལ།74 །ཉ་ཚའི་སྒྱུ་འཕྲུལ་གླིང་ཞིག་བླ་མ་ཡིས། །གནས་འདིར་ཚོགས་བསྐང་ཕུལ་ནས་གསོལ་བཏབ་ཚེ། །གླིང་རྗེས་མངགས་པའི་བང་མི་རྣམ་གསུམ་གྱིས། །འབྱུང་འགྱུར་དུས་ཀྱི་ལུང་བསྟན་གསལ་བར་གནང་། 75 །གཞན་ཡང་རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་།།ཚབ་ཚ་སྒྲུབ་སྤྲུལ་མི་ཕམ་རྣམ་པར་རྒྱལ། ། དབང་ཆེན་ཆོས་རྒྱལ་གླིང་བློན་འགྱུར་མེད་མཚན། །ཉི་འབུམ་དངོས་བྱོན་པདྨ་བཛྲ་སོགས། 76 །རིག་འཛིན་གྲུབ་པའི་སྐྱེས་མཆོག་དུ་མ་ཡིས། །གནས་འདིར་གེ་སར་མཆོད་ལ་བརྩོན་པ་ན། །རྗེས་འཛིན་གྲུབ་པའི་མཚན་མ་སྣ་ཚོགས་པ། །བྱུང་བའི་ལོ་རྒྱུས་སྐབས་འདིར་བརྗོད་མི་ལངས། 77 །ཕྱིས་འདིར་འདན་སྲས་རྣམ་རོལ་ཆོས་ཀྱི་རྗེ། །འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞབས་བཀོད་ནས། །བསྟན་འགྲོར་སྨན་པའི་ཐུགས་སྨོན་གསོལ་གདབ་དང་། །གལ་ཆེའི་བཀའ་སློབ་མང་པོ་བསྩལ་བར་མཛད། 78 ། ཡུལ་ཕྱོགས་རེ་ལ་གླིང་གི་རྗེས་ཤུལ་རེ། །རྗེས་ཤུལ་རེ་ལ་ངོ་མཚར་གཏམ་རྒྱུད་རེ། །གཏམ་རྒྱུད་རེ་ལ་ལོ་རྒྱུས་རྒྱབ་ལྗོངས་རེ། །ཡོད་པ་འདི་ནི་མདོ་ཁམས་གླིང་གི་ཡུལ། 79 །ཇོ་རུ་རྒྱལ་པོ་འཁྲུངས་པའི་ཉིན་མོ་ནས། །ཇོ་རུ་རྒྱལ་པོ་རྨ་ཡུལ་མ་ཕེབས་བར། །ཇོ་རུ་རྒྱལ་པོས་འགྲོ་དོན་བསྐྱངས་མཛད་པའི། །ཇོ་རུ་རྒྱལ་པོའི་ལོ་རྒྱུས་གནས་འདིར་ཡོད། 80 ། འདི་འདྲའི་གླིང་གི་རྗེས་ཤུལ་མང་བ་དང་། །འདི་འདྲའི་གླིང་གི་རྗེས་ཤུལ་མཚར་བ་ཡི། །འདི་འདྲའི་གླིང་གི་ས་ཆ་གྲགས་ཅན་ཞིག །གླིང་གི་ས་ཆ་གཞན་ན་དཀོན་པར་སྣང་། 81།ཡུལ་འདིར་འཁྲུངས་གླིང་མེ་ཏོག་ར་བ་དང་། །འཁྲུངས་གླིང་པདྨའི་དགའ་ཚལ་ལས་བྱུང་བའི། །ཚད་ཐུབ་ཁུངས་ལྡན་རྗེས་ཤུལ་ཡོངས་རྫོགས་སྟེང་། །ད་དུང་གླིང་གི་ཤུལ་རྗེས་མང་ཞིག་མཆིས། 82 ། སྒྲུང་དཔེ་སྔ་མ་དག་ལས་གསལ་དང་གཅིག །ཡུལ་འདིའི་སྐྱེ་བོའི་ཁ་ལ་གྲགས་དང་གཉིས། །དངོས་སུ་ཡོད་པའི་གླིང་གི་རྗེས་ཤུལ་གསུམ། །གཅིག་གི་དཔང་པོ་གཅིག་གིས་བྱས་འདྲར་ཡོད། 83 །ཕྱི་ལྟར་སྐྱིད་སོས་ཉི་མ་རང་ཤར་ཞེས། །གེ་སར་འབུམ་པ་སྐུ་མཆེད་ཀྱིས་གཙོས་པའི། །གླིང་དཀར་དཔའ་བརྟུལ་མ་སྲུ་དང་བཅས་པས། །འགྲོ་དོན་བསྐྱངས་པའི་གནས་ཀྱི་མགོ་བོ་ཡིན། 84 །ནང་ལྟར་རྡོ་རྗེའི་གཏེར་གནས་ཆེན་པོ་སྟེ། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་སོགས ། །འཕགས་བོད་གྲུབ་པའི་རིག་འཛིན་དུ་མ་ཡིས། །གསང་གསུམ་བཀོད་པས་བྱིན་གྱིས་བརླབས་པའི་ཡུལ།85 ། གསང་བ་རིགས་གསུམ་རྒྱལ་བའི་དཀྱིལ་འཁོར་ཏེ། །རབ་འབྱམས་དཔའ་བོ་མཁའ་འགྲོའི་ལྷ་ཚོགས་རྣམས། །མཁའ་ལ་སྤྲིན་ཕུང་གཏིབས་པའི་ངང་ཚུལ་ལྟར། །བྱིན་རླབས་ཐུགས་རྗེའི་འོད་སྣང་བསམ་ལས་འདས། 86 །འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཞེས།།འཛམ་བུའི་གླིང་ལ་འབྲུག་ལྟར་གྲགས་པ་ན། །འཛམ་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དུ། །འཛམ་བུའི་གླིང་གི་ཡུལ་སྐོར་རྒྱུན་ཆད་མེད། 87 །སྔ་ཡང་ཡུལ་འདིའི་གྲགས་པ་བྱུང་ཟིན་ཅིང་། །ད་ལྟ་ཡུལ་འདིའི་གྲགས་པ་མངོན་པར་འཕེལ། །མ་འོངས་པ་ཡང་ཡུལ་འདིའི་གྲགས་པ་ནི། །ཤིན་ཏུ་རྒྱས་པར་འགྱུར་བའི་ཡིད་ཆེས་ཡོད། 88།ཚུལ་འདིར་བརྩོན་པའི་རྣམ་དཀར་གངྒའི་རྒྱུན། །རྣམ་མང་འགྲོ་བ་ཀུན་གྱི་རྗེས་ཞུགས་ནས། །རྣམ་པར་གནག་པའི་བསམ་སྦྱོར་མ་ལུས་པ། །རྣམ་པ་ཀུན་ཏུ་ཞི་བའི་རྒྱུར་གྱུར་ཅིག 89 །ཅེས་གླིང་གི་དཔའ་བརྟུལ་བརྒྱད་ཅུ་རྩ་དགུའི་གྲངས་ལྡན་གྱི་ཚིགས་སུ་བཅད་པ་འདི་ནི། མདོ་ཁམས་སྐྱིད་སོས་ཡག་གི་གནས་ཀྱི་བཀོད་པ་དག་ཡིད་ཡུལ་དུ་ཡང་ཡང་དྲན་པས་རྐྱེན་བྱས་ཏེ། ཨ་ཏི་མི་ཝེར་ཆེན་པོ་འཁོར་ཚོགས་དང་བཅས་པ་ལ་ཡིད་ཆེས་ཀྱི་དད་པ་ཁོངས་ནས་དགོད་པ་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཤིང་རྟ་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །འདི་ནི་མདོར་བསྡུས་ཙམ་ཡིན་ལ། །རྒྱས་པར་གླིང་རྗེའི་མཛད་རྗེས་རྣམས། །ཕྱོགས་གཅིག་གཏམ་དུ་བྱས་པ་ཡི། །ངོ་མཚར་གཏམ་གྱི་མཆོད་སྤྲིན་གསལ། །