གླེན་པ་ཞིག་གི་སྒྲུང་།

ཡོང་ཁུངས། དམངས་ཁྲོད།
སྨིན་དབུས་པོས་བསྡུས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༦ ཚེས་ ༡༨



སྔོན་བློ་རིག་ཧ་ཅང་རྟུལ་བའི་གླེན་པ་ཞིག་ལྷ་སར་སོང་བ་རེད། ཁོང་ལྷ་སར་སླེབས་པའི་དགོང་མོར། ཁང་པའི་སྒེའུ་ཁུང་ཞིག་ནས་ཕར་མགོ་བོ་འཕྲེད་དུ་གཡོན་ཏེ་ཕུད་ཅིང་ཁྲོམ་ཚོགས་ཀྱི་ལྟད་མོ་ལ་གཡེང་ནས་བསྡད། རེ་ཞིག་ལ་མགོ་ཚུར་འཐེན་སྐབས་མ་ནེ་དང་མགོ་ལྟག་སྒེའུ་ཁུང་ལ་ཐོགས་ཏེ་ཇི་ལྟར་འཐེན་ཀྱང་ཕུད་མ་ཐུབ་པས། ང་རང་འཆི་ས་བཟང་པོ་རང་འདུག་ཀྱང་། ཤི་ལུགས་སྡུག་པོ་ཞིག་རེད་ཨང་ཞེས་ཁེར་ལབ་རྒྱག་གིན་པའི་སྐབས་སུ། ཁོའི་རོགས་པ་ཞིག་གིས་ཐོས་འཕྲལ་ལམ་སང་དེར་འོངས་ཏེ། དང་ཐོག་ཁྱོད་ཇི་ལྟར་འཛུལ་བ་ཡིན་ཞེས་དྲིས་ཚེ། གླེན་པ་དེས། དང་ཐོག་ང་འདི་ལྟར་ཕར་འཛུལ་བ་ཡིན་ཞེས་མགོ་བོ་འཕྲེད་དུ་བསྐོར་ཏེ་ཚུར་བུད་པ་རེད།