༄༅།། ཁམས་མི་ཉག་ཡུལ་དུ་དར་བའི་བོད་ཀྱི་ཟློས་གར་ཨ་ཅེ་ལྷ་མོ།
ཡོང་ཁུངས། བཀྲ་ཤིས།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༧


དེ་ཡང་སྐབས་འདིར་མི་ཉག་ཨ་ཅེ་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས་པའི་༼ ཁྱུང་ཟླ་དང་བུ་ཆུང༽་ཞེས་པའི་བརྗོད་བྱའི་སྙིང་པོ་གནད་དུ་དྲིལ་ནས་ངོ་སྤྲོད་བྱས་ན་འདི་ལྟར་ཏེ། གནའ་སྔ་མོར་ཕ་བཀྲ་ཤིས་དང་མ་མཚོ་མོ་ལེགས་མཛེས་གཉིས་ལ་བུ་སྤུན་གཉིས་སྐྱེས་ཏེ་ཆེ་བ་ལ་ཁྱུང་ཟླ་སྡར་མ་འབྱུང་གནས་ཞེས་སྒྱིད་ལུག་དང་སྡར་མ། རང་རློམ་ཅན་ཞིག་དང་། ཆུང་བ་ལ་བུ་ཆུང་མཐུ་སྟོབས་དབང་ཕྱུག་ཅེས་དཔའ་རྩལ་ལྡན་ལ་བློ་ཁོག་ཡངས་པ་ཞིག་ཡིན། ཡུལ་དེ་ན་དགེ་སྡིག་མི་ཤེས་པའི་བདུད་ཀྱི་རྒྱལ་པོ་ཞིག་ཡོད་པ་དེས་གདུག་རྩུབ་ཀྱི་སྤྱོད་པ་ལག་ཏུ་བསྟར་བས་ཕ་བཀྲ་ཤིས་ཚེ་ལས་འདས་རྗེས་མ་མཚོ་མོ་ལེགས་མཛེས་ཀྱང་གསོན་འདོད་མེད་པར་རང་སྲོག་བློ་ཡིས་བཏང་། དེ་ནས་བུ་སྤུན་གཉིས་དྭ་ཕྲུག་ཏུ་གྱུར་བས་བུ་ཆུང་མཐུ་སྟོབས་དབང་ཕྱུག་གི་སེམས་ནང་འཁོན་འཛིན་མེ་ལྕེ་འབར་ཏེ་དགྲ་ཤ་ལེན་པའི་ཆེད་དུ་མདའ་གྲི་མདུང་རྩལ་སྦྱངས། ཉིན་ཞིག་ལ་གོང་མ་རྒྱལ་པོ་ཆེན་པོ་ངག་དབང་སྙན་གྲགས་ཀྱི་སྲས་མོ་རྨ་བྱ་ལྷ་མོ་ཟེར་བ་དེ་བདུད་ཀྱི་རྒྱལ་པོས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བས་རྒྱལ་པོ་ལ་བྲེལ་འཚུབ་ལངས་ཏེ་བློན་པོ་འཕྲིན་ལས་ལྷུན་གྲུབ་བཀའ་བསྒོས་ཏེ་སྲས་མོ་འཚོལ་དུ་བཏང་། བློན་པོས་སྲས་མོ་འཚོལ་བའི་ལམ་བར་དུ་ཁྱུང་ཟླ་དང་འཕྲད། ཁྱུང་ཟླས་སྲས་མོ་དེའི་ལྷམ་རྙེད་པས་བློན་པོས་ཁོ་བཟུང་སྟེ་རྒྱལ་པོའི་དྲུང་དུ་ཁྲིད་ནས་གནས་ཚུལ་འདྲི་རྩད་བྱེད་དུས་ཁྱུང་ཟླས་བུ་མོ་ཞིག་བདུད་ཀྱིས་ཁྲིད་སོང་བ་མཐོང་ཡང་རྒྱལ་པོའི་སྲས་མོ་ཡིན་མིན་མི་ཤེས། ཁོ་བོའི་ནུ་བོ་བུ་ཆུང་གིས་ཀྱང་མཐོང་ཡོད་པས་ཁོ་ཡིས་བདེན་དཔང་བྱ་ཆོག་ཅེས་ཞུས་པས་རྒྱལ་བློན་རྣམས་ཀྱི་བུ་ཆུང་ཡང་འབོད་དེ་གནས་ཚུལ་དྲིས་དུས་བུ་ཆུང་གིས་སྲས་མོ་བདུད་ཀྱིས་ཁྲིད་ཚུལ་གསལ་བོར་ཞུས། དེ་ནས་རྒྱལ་པོས་བུ་ཆུང་ལ་ཁྱོད་ཀྱིས་བདུད་ཀྱི་ཡུལ་ནས་སྲས་མོ་སྐྱབས་དགོས། གལ་སྲིད་བསྐྱབ་ཐུབ་ན་རྒྱལ་སྲིད་ཀྱི་ཕྱེད་ཀའི་བྱ་དགའ་དང་སྲས་མོ་ཡང་ཁྱེད་ཀྱི་བཟའ་ཟླར་གནང་ཆོག་ཅེས་བཀའ་ཕབ་པས་བུ་ཆུང་གིས་ང་ལྟ་བུས་རྒྱལ་ས་མི་ཟིན་ཡང་ཕ་མ་གཉིས་ཀྱི་དགྲ་ཤ་ལེན་པའི་ཞོར་དུ་རྒྱལ་པོའི་སྲས་མོ་བསྐྱབ་ན་ཆོག་ཅེས་ཞུས་ཏེ་སོང་། དེ་ནས་བདུད་ཀྱི་དོང་ཞིག་གི་ནང་དུ་སྲས་མོ་བཙུད་ཡོད་པ་དང་འཕྲད་པས་སྲས་མོས་སྐྱབས་འཇུག་གི་རེ་བ་ཞུས་པ་བུ་ཆུང་གིས་ཁས་བླངས་ཏེ་དོང་ནང་དུ་ཐག་པ་དཔྱངས་ཏེ་ཐབས་མཁས་ཀྱིས་དོང་ནང་ནས་བསྐྱབས་པས་སྲས་མོར་དགའ་སྤྲོ་སྐྱེས་ཤིང་སེམས་འགུལ་ཐེབས་ཏེ་བུ་ཆུང་ལ་མི་ཚེའི་ཚེ་རོགས་བྱ་རྒྱུའི་རེ་བ་ཞུས་ཀྱང་བུ་ཆུང་གིས་ཡུལ་འདི་ཡི་བདུད་རྣམས་ཆམ་ལ་ཕབ་དགོས་པས་ཁོམ་ལོང་མེད་ཅེས་དང་དུ་མ་བླངས་པར་དོང་ནང་དུ་བདུད་དང་འཐབ་མོ་བྱས། སྲས་མོས་བུ་ཆུང་དོང་ནས་བསྐྱབ་འདོད་ཀྱང་རྒྱལ་པོས་དོང་ནས་ཡར་འཛེགས་བྱེད་ཀྱི་ཐག་པ་བཅད་དེ་བསྐྱབ་ཏུ་མ་འཇུག ཕུ་བོ་ཁྱུང་ཟླ་སྡར་མ་འབྱུང་གནས་ལ་ནི་ནུ་བོ་ལ་རོགས་རམ་བྱེད་པའི་སྤོབས་པ་དང་ཆོད་སེམས་ཅི་ཡང་མེད་པས་དོང་ཁར་ལངས་ཀྱང་མ་ཕོད། ནུ་བོས་སྲས་མོ་བསྐྱབས་ཐུབ་པས་ད་ནས་རྒྱལ་པོས་གནང་བའི་བྱ་དགའ་ང་ལ་དབང་ཐག་ཆོད་རེད་སྙམ་སྟེ་དགའ་སྤྲོ་དཔག་མེད་སྐྱེས་ཀྱང་རྒྱལ་པོས་ཁོ་ལ་ཁ་ཡ་མ་བྱས་པར་སྲས་མོ་ཁྲིད་དེ་ཕོ་བྲང་དུ་ལོག བུ་ཆུང་གིས་དོང་ནང་དུ་ཕར་ལྟ་ཚུར་ལྟ་བྱེད་དུས་ཀླུ་འབྲུག་མཐོང་། ཀླུ་འབྲུག་གིས་ངས་ལོ་བཅུའི་རིང་ལ་བདུད་དང་འཐབ་ཀྱང་ཕམ་ཁ་བླངས་པས་ལྕགས་ཐག་གིས་བཅིངས་ཏེ་འདི་རུ་ལྷག ད་ནས་སྟབས་ལེགས་པས་དཔའ་བོ་ཁྱེད་ཀྱིས་བསྐྱབ་རོགས་ཞེས་ཞུས་པས་བུ་ཆུང་གིས་གྲི་འཕྱར་ཏེ་འཆིང་སྒྲོགས་གཏོར། དེ་ནས་ཀླུ་འབྲུག་གིས་བུ་ཆུང་ལ་ནོར་བུ་ཞིག་གནང་བ་མ་ཚད་རང་གི་རྒྱབ་ཏུ་ཆིབས་སུ་བཅུག་སྟེ་གཉིས་ཀ་དོང་ལས་ཕྱིར་ཐོན། དོང་ལས་ཐར་རྗེས་བུ་ཆུང་གིས་ཀླུ་འབྲུག་གིས་གནང་བའི་ནོར་བུ་ཁྱེར་ཏེ་ཡུལ་དུ་ལོག ཕུ་བོས་ཁྱུང་ཟླས་ནུ་བོ་བུ་ཆུང་མཐོང་དུས་ཧ་ལས་ཏེ་ཡིད་མ་ཆེས་པར་གྱུར་ཡང་བུ་ཆུང་གིས་ལག་ཏུ་བཟུང་བའི་ནོར་བུ་མཐོང་རྗེས་དགའ་སྤྲོ་ཚད་མེད་སྐྱེས། དེ་ནས་བུ་སྤུན་གཉིས་ཀྱི་ནོར་ལུག་དེད་དེ་འབྲོག་ས་སྤོ་བའི་ཉིན་ཞིག་ལ་བ་མོ་ཞིག་ཆུ་ནང་དུ་ལྷུང་། བུ་ཆུང་གིས་ལམ་སང་སྐེད་པར་ཐག་པ་བཏགས་ཏེ་སྣེ་མོ་ཕུ་བོ་ལ་བཟུང་བཅུག་སྟེ་བ་མོ་ཆུ་ནང་ནས་འཐེན། ཁྱུང་ཟླས་མ་རུང་ཁོག་བཅངས་ཀྱིས་ནོར་བུ་ཆུ་ཡིས་ཁྱེར་འགྲོ་བའི་ཉེན་ཁ་ཆེ་བས་ངའི་ལག་ཏུ་སྤྲོད་དགོས་ཞེས་ནན་གྱིས་ཞུས་པས་བུ་ཆུང་གིས་དོགས་ཟོན་ཅི་ཡང་མེད་པར་ནོར་བུ་དེ་ཕུ་བོ་ཁྱུང་ཟླའི་ལག་ཏུ་སྤྲད། ཧམ་སེམས་དང་འདོད་རྔམ་ཅན་གྱི་ཕུ་བོས་ལག་པས་བཟུང་བའི་ཐག་པ་བཏང་བས་ནུ་བོ་བུ་ཆུང་ཆུ་ནང་དུ་ལྷུང་ཡང་ཀླུ་འབྲུག་གིས་མཁྱེན་ཏེ་ཁྱུང་ཟླའི་ལག་ནས་ནོར་བུ་འཕྲོག་པ་མ་ཟད་བུ་ཆུང་ཡང་ཆུ་ནང་ནས་བསྐྱབས་ཏེ་ཁྱུང་ཟླ་ལ་ཐ་ཤལ་གྱི་སྤྱོད་པ་ལ་འགྱོད་གཤགས་བྱེད་དགོས་པའི་གནས་ལུགས་གསུངས་པ་མ་ཚད། ཕ་མ་གཅིག་གིས་གསོས་པའི་སྤུན་ཟླའི་ནང་དུའང་བཟང་ངན་གྱི་ཁྱད་པར་ཡོད་པས་མི་ངན་སྤྱོད་རྩུབ་ཅན་ཡུལ་དུ་གནས་པ་ལ་མི་བཟང་གཤིས་འཇམ་ཅན་བུ་ཆུང་ལྟ་བུ་རྣམས་ཀྱིས་སྤྱང་གྲུང་འཛོམས་པར་གྱིས་ཞེས་སྐུལ་མའང་མཛད། སྐབས་དེ་དུས་སྲས་མོ་རྨ་བྱ་ལྷ་མོ་ཡིས་ཉིན་མཚན་མེད་པར་བུ་ཆུང་དྲན་པས་ཕོ་བྲང་ནང་དུ་བསྡད་མ་འདོད་པར་བུ་ཆུང་འཚོལ་དུ་ཡོང་། རྒྱལ་བློན་རྣམས་ཀྱིས་ཇི་ལྟར་བཀག་ཀྱང་འགོག་མ་ཐུབ་པར་སྲས་མོ་དང་བུ་ཆུང་གཉིས་སླར་ཡང་འཕྲད། རྒྱལ་པོས་བློན་པོ་རྣམས་ཁྲིད་དེ་བུ་ཆུང་དམར་གསོད་གཏོང་བསམ་ཡང་དཔའ་མཛངས་གཉིས་ལྡན་གྱི་བུ་ཆུང་མཐུ་སྟོབས་དབང་ཕྱུག་གིས་རྒྱལ་བློན་རྣམས་ཆམ་ལ་ཕབ་མ་ཟད་རྒྱལ་པོ་ལ་དགག་ལན་རྒྱག་ཐབས་བྲལ་བའི་ཐ་ཚིག་བསྒྲགས་པས་རྒྱལ་པོས་ལྐུགས་པའི་བརྟུལ་ཞུགས་མི་འཛིན་ཐབས་མེད་དུ་གྱུར་ཏེ་མཐར་སྲས་མོ་དང་བུ་ཆུང་གཉིས་ཀའི་འདོད་དོན་གྲུབ་སྟེ་བདེ་ལྡན་གྱི་མ་འོངས་མདུན་ལམ་དུ་སྐྱོད་འགོ་ཚུགས་སོ། །
